ལ་ཡ་ལུང་ཕྱོགས་ཀྱི་ དམིགས་བསལ་གྱི་ཁྱད་ཆོས་ ཀོང་ཞྭ་ཉམས་སྲུང་འབད་དོ་ཡོདཔ།

༉ མགར་ས་རྫོང་ཁག་ ལ་ཡ་སློབ་གྲྭ་ལྟེ་བའི་ ན་གཞོན་ཁས་བླངས་པ་ཚུ་གིས་ ལུང་ཕྱོགས་ཀྱི་ གཞན་དང་མ་འདྲ་བའི་ ངོ་རྟགས་ཁྱད་པར་ཅན་ཅིག་ཨིན་མི་ ས་གནས་ཀྱི་ ཁ་སྐད་ལས་ འབོད་ལོ་ཟེར་མི་ ཀོང་ཙེའི་དབྱིབས་སྦེ་ཡོད་མི་ ཀོང་ཞྭ་དང་ ཟུ་ལུམ་ཟེར་མི་སྨད་གོས་ དེ་ལས་ ས་ཁ་མཐོ་སའི་ ལག་བཟོ་གཞན་ཚུ་ ཉམས་སྲུང་གི་དོན་ལུ་ མཉམ་འབྲེལ་ལས་འགུལ་ཅིག་ འགོ་བཙུགས་ནུག།

ཀོང་ཞྭ་དང་ རང་ལུགས་སྨད་གོས་གནགཔོ་ དེ་ལས་ ས་གནས་ཀྱི་ ལག་བཟོའི་ཐོན་སྐྱེད་ལས་བརྟེན་ དྲན་རྟེན་ཚུ་ བཟོ་ནིའི་ནང་ ན་གཞོན་ཁས་བླངས་འཐུས་མི་༢༠ དང་ སློབ་གྲྭ་ལས་ཐོན་སྡོད་མི་ ན་གཞོན་གཅིག་ དེ་ལས་ སློབ་གྲྭའི་སློབ་དཔོན་ཚུ་ གྲལ་གཏོགས་འབད་དེ་འདུག།

ལས་འགུལ་འགོ་འདྲེན་པ་ ལ་ཡ་སློབ་གྲྭ་ལྟེ་བའི་སློབ་དཔོན་ མགོནམ་ཚེ་རིང་གིས་ རང་ལུགས་ཀྱི་ ཐགས་རིགས་དང་བཟོ་རིགས་ཚུ་ ཉམས་སྲུང་མ་འབད་བ་ཅིན་ མགྱོགས་པ་ར་ ས་གནས་ཀྱི་ ངོ་རྟགས་ཁྱད་པར་ཅན་ཚུ་ ཡལ་ཉམས་འགྱོ་ནིའི་ཉེན་ཁ་འདུག་ཟེར་ བཤད་པའི་ཁར་ ལ་ཡ་ཟེར་ ལུང་ཕྱོགས་དེ་གི་སྐོར་ ལོ་རྒྱུས་ཐོནམ་ཅིག་ ཐད་ཀར་དུ་ ཁོང་གི་ཁྱད་ཆོས་ ཀོང་ཞྭ་དེ་ སེམས་ཁར་དྲན་མི་ལུ་བརྟེན་ ངོ་རྟགས་དེ་ཚུ་ ཉམས་སྲུང་ཐོག་ ཡུན་བརྟན་བཟོ་ནིའི་ དམིགས་གཏད་ཨིན་ཟེར་ བཤདཔ་ཨིན་པས།

ཐབས་ཤེས་ལས་འགུལ་དེ་ མཐར་འཁྱོལ་བྱུང་པ་ཅིན་ དང་ཕུའི་ལུགས་སྲོལ་དང་ ཁྱད་ཆོས་ཚུ་ ཡུན་བརྟན་བཞག་ནི་ལུ་ ཕན་ཐོགས་ནི་ཨིན་མི་དེ་ཡང་ སྔར་སྲོལ་ལམ་ལུགས་ཚུ་ ཉམས་ནི་གུ་ ལྷོད་དེ་ཡོད་ཟེར་ ལ་ཡའི་རྒཔོ་ལྷག་པ་ཚེ་རིང་གིས་ བཤད་པ་ཨིན་པས།

ད་རེས་ནངས་པའི་ ན་གཞོན་ཚུ་གིས་ རང་གི་ལུགས་སྲོལ་དང་ ཁྱད་ཆོས་ཚུ་ ཉམས་སྲུང་གི་དོན་ལུ་ བློ་སྟོབས་བསྐྱེད་དགོཔ་མ་ཚད་ འདི་ལུ་བརྟེན་པའི་ གོ་སྐབས་ཚུ་ཡང་ སྲོལ་གཏོད་འབད་དགོ་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།

ལ་ཡ་བཟུམ་མའི་ ས་ཁ་མཐོ་སའི་ མི་སྡེའི་ནང་ གོང་འཕེལ་དང་ འགྱུར་བ་གསརཔ་ལུ་བརྟེན་ ཁོང་གི་ ལུགས་སྲོལ་དང་ སྔར་སྲོལ་ལམ་ལུགས་ལུ་ ཐོ་ཕོག་ཡོདཔ་ཨིན་པས།

ལ་ཡཔ་ཨམ་སྲུ་ཚུ་གིས་ ལ་ཡ་པའི་ཀོང་ཞྭ་གྱོན་ནི་དེ་ ལོ་རེའི་ནང་ དུས་ཚོད་ཁྱད་པར་ཅན་ཅིག་ནང་མ་གཏོགས་ གྱོན་སྲོལ་མེད་པའི་ གནས་སྟངས་ལུ་གྱུར་ནུག།

གཡག་གི་སྤུ་ལས་ འཐགས་སྲོལ་ཡོད་མི་ སྨད་གཡོག་དེ་ ལ་ཡའི་ཨམ་སྲུ་མང་ཤོས་ཅིག་གིས་ འཐག་ཤེས་དོ་ཡོད་རུང་ ཐགས་ཀྱི་ཧང་སྐུད་ བཟོ་ཤེས་མི་གངམ་མེད་པའི་ཁར་ བལ་སྐུད་འཇམ་ཏོང་ཏོ་སྦེ་ ཐོབ་མ་ཚུགས་མི་ཡང་ གདོང་ལེན་ཅིག་ལུ་གྱུར་ཡོདཔ་ཨིན་པས།

ད་རེས་ནངས་པར་ ལ་ཡ་ལུ་ ཁྱིམ་གུང་༢༥༠ ཡོད་ས་ལས་ ཀོང་ཞྭ་འཐག་མི་ ཕུད་རྡོག་གཉིས་ལས་བརྒལ་ མེད་པའི་ཁར་ ཚར་གྱིས་འཐགས་མི་ ཀོང་ཞྭ་དང་ གྱོན་ཆས་ཚུ་ ཨ་རྟག་ར་གྱོན་མི་ གཡུས་མི་རྒན་ཤོས་དག་པ་ཅིག་དང་ ལ་ཡ་སློབ་གྲྭ་ལྟེ་བའི་སློབ་ཕྲུག་ཚུ་རྐྱངམ་གཅིག་ཨིན་པའི་ མཐོང་གསལ་བྱུངམ་ཨིན་པས།

སློབ་གྲྭ་ལས་ཐོན་སྡོད་མི་དང་ ཕམ་ཚུ་ཡང་ ལས་རིམ་ནང་ གྲལ་གཏོགས་འབད་བཅུག་ནིའི་ དཔའ་བཅམ་རུང་ སློབ་གྲྭ་ནང་སྡོད་མི་ སློབ་ཕྲུག་རྐྱངམ་གཅིག་ལས་ དང་འདོད་བསྐྱེད་མི་མེདཔ་ཨིན་པས། ས་གནས་ཀྱི་མི་ཚུ་གིས་ ཀོང་ཞྭ་འཐག་ནི་ལུ་ དང་འདོད་མ་བསྐྱེད་མི་དེ་ཡང་ ཚར་གྱི་ཞྭམོ་བཙུགས་མི་གིས་ གཡང་ཉམས་ཏེ་ སྤྱང་ཀ་ལུ་འགྱུར་འོང་ཟེར་ སླབ་སྲོལ་ཡོད་མི་ལུ་ ཡིད་ཆེས་བསྐྱེད་ནི་དེ་གིས་ཨིན་པས།

ལས་རིམ་ནང་ དང་འདོད་མ་བསྐྱེད་མི་ གནད་དོན་གཅིག་ ཁོང་རའི་ཁྱིམ་ནང་གི་ལཱ་དང་ ཨ་ལོ་ཆུང་ཀུ་བལྟ་དགོཔ་ དེ་ལས་ བསང་རྫས་བསྡུ་བསྒྱོམ་ལ་སོགས་པ་ཚུ་ནང་ བྲེལ་ཟིང་ཐོག་ གནས་ནི་དེ་གིས་ཨིན་པས་ཟེར་ ལས་རིམ་འགོ་འདྲེན་པ་གིས་བཤདཔ་ཨིན་པས།

འགོ་འདྲེན་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་གནས་ཀྱི་ ལག་རྩལཔ་ཚུ་ ཚོང་ལཱ་གི་དོན་ལུ་ མགར་ས་དང་ ལུང་ནག་ནང་གི་བར་ན་ རྒྱུན་འགྲུལ་འཐབ་འཐབ་སར་སྡོད་དགོཔ་ལས་ ས་གནས་ཀྱི་ སྦྱོང་བརྡར་བྱིན་མི་ཡང་ འཐོབ་ཚུགས་པར་ལཱ་ཁག་འདུག་ཟེར་ཨིན་པས།

མི་སྡེའི་ནང་ ཐབས་ལམ་གསརཔ་གཅིག་ཨིན་མི་ ལས་རིམ་ནང་ ད་རིས་ ས་གནས་ཀྱི་ ཞྭམོ་འཐག་མི་ སློབ་ཕྲུག་༡༣ དང་ སྨད་གཡོག་འཐག་མི་༧ དེ་ལས་ ས་གནས་ཀྱི་ ལག་བཟོའི་ཐོན་སྐྱེད་ཐོག་ དྲན་རྟེན་བཟོ་མི་༧ ཡོདཔ་ཨིན་པས།

ལ་ཡ་མི་སྡེའི་ནང་ ཞྭམོ་འཐག་ཤེས་མི་ རྒན་ཤོས་གསུམ་གྱི་གྲལ་ལས་༡ ཨིན་མི་ བསྟན་འཛིན་གྱིས་ སློབ་ཕྲུག་ཚུ་ལུ་ ཞྭམོ་འཐག་ནིའི་སྦྱོང་བརྡར་བྱིན་དོ་ཡོདཔ་ད་ སློབ་ཕྲུག་རྐྱངམ་གཅིག་མ་གཏོགས་ སློབ་གྲྭའི་ཕྱི་ཁ་ལས་ དང་འདོད་བསྐྱེད་མི་མེད་པའི་ཁར་ དེ་བཟུམ་འཐག་ཤེས་མི་ ཁོང་༣ ལས་མེདཔ་ལས་ རང་གི་ངོ་རྟགས་དེ་ ཁོང་དང་གཅིག་ཁར་ ཡལ་འགྱོ་འོང་ཟེར་ ཨ་ལོ་ཚུ་ལུ་ སླབ་སླབ་སར་ཨིན་ཟེར་ བསྟན་འཛིན་གྱིས་ བཤདཔ་ཨིན་པས།

ད་རེས་ནངས་པར་ བསྟན་འཛིན་གྱིས་ ཞྭམ་འཐགས་ཏེ་ ཉིནམ་རེ་ལུ་ འོང་འབབ་དངུལ་ཀྲམ་༡,༦༠༠ རེ་ བཟོ་དོ་ཡོདཔ་ད་ ཁོ་གིས་ ཉིནམ་༡ ཞྭམོ་གསུམ་རེ་ འཐགས་ཚར་དོ་ཡོདཔ་ལས་ སློབ་ཕྲུག་ཨ་ལོ་ཚུ་ཡང་ ཧེང་སྐལ་ར་ སྤྲོ་བ་བསྐྱེད་དོ་ཡོདཔ་ལས་ སློབ་ཕྲུག་༢ ཀྱིས་ འཐགས་ཤེས་དོ་ཡོདཔ་ཨིན་པས།

ལ་ཡ་དེ་ ལྟ་བཤལཔ་ཚུ་ ལྟ་སྐོར་ལུ་ འོང་ས་དང་ གླིང་བཞི་ལུ་ ལ་བཤལ་ལུ་འགྱོ་སའི་ ལམ་ཨིནམ་ལས་ ལས་རིམ་གྱིས་ ཐོན་སྐྱེད་ཚུ་ ལྟ་བཤལཔ་ཚུ་ལུ་ བཙོང་ནི་དང་ སྤྱི་ཟླ་༡ པའི་ནང་ འགོ་འདྲེན་འཐབ་སྲོལ་ཡོད་མི་ ས་ཁ་མཐོ་སའི་ དུས་སྟོན་སྐབས་ འགྲེམས་སྟོན་ཐོག་ ཚོང་འབྲེལ་འཐབ་ནིའི་ དམིགས་གཏད་བསྐྱེདཔ་ཨིན་པས།

མགོནམ་ཚེ་རིང་གིས་ སླབ་མིའི་ནང་ ཞྭམོ་འཐག་མི་ དག་པ་ཅིག་ལས་མེདཔ་ལས་ གོང་ཚད་ཆེ་དྲགས་ཅིག་ལུ་གྱུར་ཏེ་ཡོདཔ་བཞིན་དུ་ ཁོང་གིས་ ད་ལྟོ་ལས་ ཉམས་སྲུང་མ་འབད་བ་ཅིན་ ཞྭམོ་དེ་ཁྲོམ་ཁ་ལས་ ཉོ་དགོ་པའི་ དུས་ཚོད་འཐོན་འོང་ཟེར་་ཨིན་པས།

ལས་རིམ་གྱི་ཐོག་ལས་ སློབ་ཕྲུག་ཨ་ལོ་ཚུ་ རང་སོའི་སློབ་སྦྱོང་ མཇུག་བསྡུ་བའི་སྐབས་ ཐགས་རིགས་གཅིག་ སྤུས་དག་ཏོག་ཏོ་སྦེ་ ཤེས་ཚུགསཔ་བཟོ་ནིའི་དམིགས་གཏད་བསྐྱེདཔ་ཨིན་པས།

ས་ཁ་མཐོ་སའི་ལག་བཟོ་ཚུ་ ཉམས་སྲུང་དང་ དྲན་རྟེན་ཚུ་ བཟོ་ནིའི་ནང་ ན་གཞོན་འགོ་ཁྲིད་ཐབས་ལམ་དེ་ ཡུ་ནི་སེཕ་དང་ ན་གཞོན་གོང་འཕེལ་མ་དངུལ་ལས་ རྒྱབ་སྐྱོར་ཐོག་ལུ་ འགོ་འདྲེན་འཐབ་དོ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཀརྨ་བསྟན་འཛིན།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *