མདའ་འཆམ་རྐྱབ་མི་ སི་ཀིམ་གྱི་ མདའ་རྩེདཔ་ཚུ།

ལ་ཡ་མདའ་རྩེད་འགྲན་བསྡུར་ མཇུག་བསྡུ་རན་ཁར་ལྷོད་ཡོདཔ།

༉ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་མི་ ལ་ཡ་མདའ་རྩེད་འགྲན་བསྡུར་གྱི་ མཐའ་བཅད་ཆུང་བ་དེ་ སྤྱི་ཟླ་༨ པའི་ཚེས་༢༨ ལས་ ལྕང་གླིང་མི་ཐང་ནང་སྦེ་ རྩེད་འགྲན་འབད་ནི་ འགོ་བཙུགས་ནུག།
འགོ་འདྲེན་པ་ རྡོ་རྗེ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ལས་རིམ་འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་དེ་ཡང་ རྒྱལ་ཡོངས་ཀྱི་རྩེདམོ་ལུ་ སྤྲོ་བ་བསྐྱེད་བཅུག་ནི་དང་ ཁོ་རའི་ལྟ་བཤལ་ཡིག་ཚང་གི་ ལས་བྱེདཔ་ཚུ་ ལྟ་བཤལ་པའི་དུས་ཚོད་མེན་པའི་སྐབས་ དེ་ཁར་གྲལ་གཏོགས་འབད་བཅུག་ནིའི་ དོན་ལུ་ཨིན་ཟེར་ཨིན་པས།
རྡོ་རྗེ་རྒྱལ་མཚན་གྱིས་འབད་བ་ཅིན་ རྒྱལ་ཁབ་ནང་འཁོད་ལས་ མདའ་རྩེད་སྡེ་ཚན་༦༠ དང་ རྒྱ་གར་སི་ཀིམ་ལས་ སྡེ་ཚན་༥ འབདཝ་ད་ ཡོངས་བསྡོམས་སྡེ་ཚན་༦༥ གིས་ བཅའ་མར་གཏོགས་ཡོདཔ་ད་ སྡེ་ཚན་རེ་ལས་ འཐུས་དངུལ་ཀྲམ་༡༥,༠༠༠ རེ་ལེན་ཡི་ཟེར་ཨིནམ་ད་ མཐའ་བཅད་ཆུང་བའི་དོན་ལུ་ མདའ་རྩེད་དེ་ བདེ་ཆེན་ཆོས་གླིང་དང་ ཁ་ས་གྲབ་ཆུའི་མདའ་རྩེད་ཐང་ཚུ་ནང་ འགོ་འདྲེན་འཐབ་ཅི་ཟེར་ཨིནམ་པས།
ད་ལྟོ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ མདའ་རྩེད་ཀྱི་སྒྲིག་གཞི་དང་ལམ་ལུགས་ སྐུགས་རྩིས་ཐངས་ཚུ་ སྤྱིར་བཏང་གཡང་འཕེལ་གྱི་ལམ་ལུགས་དང་ མ་འདྲཝ་སྦེ་ བཟོ་ཡོད་པའི་ཁར་ སྐུགས་རྩིས་ཐངས་དེ་ཡང་ འབའ་གི་སྒོར་ཐིག་ གནགཔོ་གུ་ཕོག་པ་ཅིན་སྐུགས་༢ དང་ ཧོནམོ་ལུ་༣ དམརཔོ་ལུ་༤ སེརཔོ་ལུ་༥ སྦེ་ རིམ་པ་མ་འདྲཝ་༥ བཟོ་ཡོདཔ་མ་ཚད་ སྤྱིར་བཏང་བཀག་རེག་ཕོག་པ་ཅིན་ སྐུགས་༡ རྩིས་ཆོག་པའི་ལམ་ལུགས་ཚུ་བཟོ་ཡོདཔ་ད་ མདའ་རྐྱབ་ནིའི་སྐོར་ཐེངས་༡༥ ཨིན་རུང་ ད་ལྟོའི་རྩེད་འགྲན་ནང་ སྐོར་ཐེངས་༡༣ སྦེ་བཟོ་སྟེ་འདུག།
འགོ་འདྲེན་པ་གིས་སླབ་མིའི་ནང་ འགྲན་བསྡུར་དེ་ ཕྱིའི་མདའ་གཞུ་གུ་ཨིན་རུང་ འབའ་གུ་དཔག་ཚད་བཀལ་ནིའི་དོན་ལུ་ འཕྲུལ་ཆས་ཊི་གར་ལ་སོགས་པ་ཚུ་ ག་ནི་ཡང་ ལག་ལེན་འཐབ་མ་ཆོགཔ་སྦེ་ཡོད་པའི་ཁར་ རང་ལུགས་ཀྱི་མདའ་གཞུ་བཟུམ་སྦེ་ར་ ལགཔ་གིས་རྐྱབ་དགོ་ཟེར་ཨིནམ་ད་ སྐུགས་རྩིས་ཐངས་ཡང་ མ་འདྲཝ་སྦེ་བཟོ་ཡོདཔ་ད་ དེ་ཡང་ མི་སེར་སོ་ནམ་པ་ཅིག་གིས་འབད་རུང་ བཅའ་མར་གཏོགས་ཚུགས་ནི་དོན་ལུ་ ཨིན་ཟེར་བཤད་ཅི།
རྩེད་འགྲན་ནང་ ཨང་༡ པ་འཐོན་མི་ལུ་ གོང་ཚད་དངུལ་ཀྲམ་༨༥,༠༠༠ གནས་མི་ བག་བག་ཨིསི་ཀུ་ཊར་རེ་དང་ ཨང་༢ པ་ལུ་ ཨིན་ཅི་༤༩ འབད་མི་རྒྱང་མཐོང་ཊི་བི་ དེ་ལས་ ཨང་༣ པ་འཐོན་མི་ལུ་ ཨིན་ཅི་༣༢ འབད་མི་རྒྱང་མཐོང་ཊི་བི་ཚུ་ གསོལ་རས་སྦེ་ བྱིན་ནི་ཨིན་པའི་ཁར་ བཀག་རེག་དོ་སྦྱལ་མཐོ་ཤོས་ཕོག་མི་དང་ མཐའ་བཅད་འགྲན་བསྡུར་ནང་ མདའ་དཔོན་རྒས་ཤོས་དང་གཞོན་ཤོས་༢ ལུ་ གོ་ལ་འཁྱུ་འཕྲུལ་རེ་ བྱིན་ནི་ཨིན་པས།
མདའ་རྩེདཔ་དྲགོས་ཀྱི་དོན་ལུ་ གདམ་འཐུ་འབད་ཐངས་དེ་ཡང་ བཀག་རེག་མཐོ་ཤོས་༢༨ ལས་༣༣ གྱི་བར་ན་ཕོག་མི་ མི་ངོམ་༡༨ གདམ་འཐུ་འབད་ཞིནམ་ལས་ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ འགྲན་བསྡུར་འབད་བཅུག་འོང་ཟེར་ཨིནམ་ད་ དེ་བསྒང་ བཀག་རེག་མཐོ་ཤོས་ཕོག་མི་ག་ཨིན་རུང་ མདའ་རྩེདཔ་དྲགོས་སྦེ་ ངོས་ལེན་འབད་ཞིནམ་ལས་ མདའ་རྩེདཔ་དྲགོས་ལུ་ གསོལ་རས་བག་བག་ཨིསི་ཀུ་ཊར་ཅིག་ བཞག་སྟེ་ཡོད་ཟེར་ འགོ་འདྲེན་པ་གིས་བཤད་ཅི།
མཐའ་བཅད་ཆུང་བའི་རྩེད་འགྲན་ནང་ ཨ་རྟག་ར་ དྲོ་པའི་སྡེ་ཚན་༦ དང་ ཉིན་མ་ སྡེ་ཚན་གྱི་གྱངས་ཁ་ མང་ཉུང་དང་བསྟུན་ འཕྲལ་འཕྲལ་༣ དང་༦ སྦེ་ རྩེད་འགྲན་འབད་དོ་ཟེར་ འགོ་འདྲེན་པ་གིས་བཤད་པའི་ཁར་ ཁ་རྩའི་རྩེད་འགྲན་ནང་ སི་ཀིམ་གྱི་སྡེ་ཚན་ཅིག་གིས་ བཀག་རེག་༣༩ ཕོག་སྟེ་ སྡེ་ཚན་༢ ཕམ་བཏང་ཡི།
མཐའ་བཅད་འོག་མ་དེ་ སྤྱི་ཟླ་༩ པའི་ཚེས་༡ ལུ་ རྩེད་ནི་ཨིནམ་བཞིན་དུ་ མཐའ་བཅད་རྩེད་འགྲན་དེ་ སྤྱི་ཟླ་༩ པའི་ཚེས་༢ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *