སྤྱི་ཟླ་༤ པའི་ནང་ གཞལམ་སྒང་ལུ་ རླུང་འཚུབས་ཐེངས་༢ འཕུ་ནུག།

རླུང་འཚུབས་དང་ ས་ཡོམ་གྱིས་ གཞལམ་སྒང་ལུ་ ཁྱིམ་༦༠ལྷགཔ་ཅིག་ལུ་ གནོད་སྐྱོན་རྐྱབ་ཡོདཔ།

༉ གཞལམ་སྒང་གི་ རྒེད་འོག་༨ ནང་ ཁྱིམ་༤༥ བརྩིས་ཏེ་ ལྷ་ཁང་དང་ སློབ་གྲྭ་ དེ་ལས་ ཡིག་ཚང་ཚུ་རྩིས་ཏེ་ མི་མང་གི་ གཞི་རྟེན་མཐུན་རྐྱེན་༢༡ ལུ་ སྤྱི་ཟླ་༤ པའི་ཚེས་༢༨ ཀྱི་ཚེ་ རླུང་འཚུབས་དང་ ས་ཡོམ་རྐྱབ་མི་དེ་གིས་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།

གནོད་སྐྱོན་མཐོ་ཤོས་ར་ བར་དོ་རྒེད་འོག་ནང་ རླུང་འཚུབས་ཀྱིས་ སྒེར་གྱི་མཐུན་རྐྱེན་༡༦ ལུ་ གནོད་པ་བྱུང་མི་དེ་ཨིནམ་ད་ ཉིནམ་དེ་ཁར་ ས་ཡོམ་རྐྱབ་མི་དེ་གིས་ རྒེད་འོག་དེ་ནང་ སྒེར་གྱི་མཐུན་རྐྱེན་༣ ལུ་ཡང་ གནོད་པ་བྱུང་བའི་ ཐོ་བཀོད་འབད་ ཡོདཔ་ཨིན་པས།

རྫོང་ཁག་བདག་སྐྱོང་གི་ སྙན་ཞུ་དང་འཁྲིལཝ་ད་ འབྱོག་ཀ་དང་ སྒོ་ཤིང་ ནང་སྐོར་ འཕང་མཁར་ ངང་ལ་ ཀྲོང་ དེ་ལས་ ཤིང་མཁར་རྒེད་འོག་ནང་ གནོད་སྐྱོན་བྱུང་ནུག་ཟེར་ཨིན་པས།

ནང་སྐོར་དང་ བར་དོ་ དེ་ལས་ འཕར་མཁར་རྒེད་འོག་ནང་ ཟླཝ་འདི་གི་སྔ་ཆ་ལུ་ ཁྱིམ་༥༠དེ་ཅིག་གི་ ཁྱིམ་ཐོག་ཚུ་ འཕྱགས་བདའ་ཡོདཔ་ཨིན་པས།

བར་དོ་རྒཔོ་ ཀུན་བཟང་འགྱུར་མེད་ཀྱིས་ སླབ་མིའི་ནང་ རྒེད་འོག་གི་ མཐུན་རྐྱེན་མང་ཤོས་ར་ དེ་བཟུམ་མའི་ རྐྱེན་ངན་ཚུ་འོངམ་ད་ བཀག་མ་ཚུགས་མི་དེ་ཨིན་མས་ཟེར་ བཤད་ཡོདཔ་ད་ མི་ཚུ་གིས་ ཁྱིམ་ཐོག་ཚུ་ཡང་ ལེགས་ཤོམ་སྦེ་ མ་བཀབ་པའི་ རྟགས་མཚན་ཚུ་འདུག་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ དེ་བཟུམ་མའི་རྐྱེན་ངན་ཚུ་ ལོག་སྟེ་ར་འཐོན་པ་ཅིན་ གཞུང་ལུ་ སྐུ་གྱོང་ཕོག་ནི་མས་ཟེར་ཨིནམ་ད་ མི་ཚུ་ལུ་ སྦྱོང་བརྡར་བྱིན་ཏེ་ སྒྲིང་སྒྲི་སྦེ་བཟོ་ནིའི་ གོ་བརྡ་ཚུ་ བྱིན་དགོཔ་འདུག་ཟེར་ཨིན་པས།

དེ་བཟུམ་མའི་ རྐྱེན་ངན་ཚུ་ ང་བཅས་ཀྱིས་ སྔོན་བཤད་འབད་མི་ཚུགས་ཟེར་ རྒཔོ་གིས་བཤད་ཡོདཔ་ད་ ཁེངས་སྟོད་ལུ་ ཞིབ་དཔྱད་འབད་ཚར་ཡི་ཟེར་ཨིནམ་ད་ ཉམས་རྒུདཔ་ཚུ་ག་ར་ ཉེན་སྲུང་དང་ལྡནམ་སྦེ་ འདུག་ཟེར་ཨིན་པས།

གཞལམ་སྒང་དང་ པདྨ་དགའ་ཚལ་གྱི་ འབྲུག་ཉེན་བཅོལ་ལས་འཛིན་ཚད་ཀྱི་ ལུང་ཕྱོགས་ཡིག་ཚང་གིས་ འཕྲལ་ཁམས་ཅིག་ཁར་ རླུང་འཚུབས་འཕུ་མི་དེ་གིས་ ཁྱིམ་གུང་༦༧ ལུ་ གནོད་སྐྱོན་རྐྱབ་ཡོད་པའི་ ཐོ་བཀོད་འབད་ཡོདཔ་ད་ བསམ་རྩེའི་ལུང་ཕྱོགས་ཡིག་ཚང་གིས་ཡང་ སྤྱི་ཟླ་༤ པའི་ཚེས་༥ ལུ་ ཡ་སོམ་རྐྱབ་པའི་སྐབས་ གནོད་སྐྱོན་བྱུང་མི་ཚུ་ལུ་ རྒུད་འཐུས་ཚུ་ སྤྲོད་པའི་བསྒང་ཡོདཔ་ཨིན་པས།

རེས་གཟའ་ཕུར་བུ་ལུ་ ལྡི་ག་ལ་སློབ་གྲྭ་ཆུང་བའི་ ཁྱིམ་ཐོག་འཕྱག་འབག་ཡོདཔ་མ་ཚད་ ས་ཡོམ་རྐྱབ་མི་དེ་གིས་ཡང་ གནོད་སྐྱོན་དུམ་གྲ་ཅིག་ རྐྱབ་ནུག་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

རྫོང་ཁག་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ཁྱིམ་མང་ཤོས་ཅིགི་ སྤུས་ཚད་སྐྱོ་སུ་སྦེ་ཡོདཔ་ལས་ དེ་བཟུམ་མའི་ རྐྱེན་ངན་ཚུ་བྱུངམ་ད་ གནོད་སྐྱོན་བྱུངམ་མས་ཟེར་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཨ་ལོའི་གླིང་ག་ ཉེན་སྲུང་མེད་མི་ལུ་བརྟེན་ ཕམ་ཚུ་ ཚ་གྱང་ལང་དོ་ཡོདཔ།

༉ བཀྲིས་སྒང་ཁྲོམ་གྱི་སྦུག་ལུ་ཡོད་པའི་ ཨ་ལོའི་གླིང་གི་ཅ་ཆས་ཚུ་ མེདཔ་ཐལ་མི་ལུ་བརྟེན་ ཨ་ལོ་ཚུ་ རྩེདམོ་རྩེད་བའི་སྐབས་ ཉེན་སྲུང་ག་ནི་ཡང་ མིན་འདུག་ཟེར་ཨིན་པས། ཁྲོམ་ཁར་སྡོད་མི་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ ཆུ་རུད་ཀྱིས་ མེདཔ་བཏང་པའི་ཤུལ་ལུ་ ཉམས་བཅོས་ཚར་གཅིག་ཡང་མ་འབད་ཟེར་ཨིནམ་ད་ ཉེན་སྲུང་མེད་རུང་ …

Leave a Reply

Your email address will not be published. Required fields are marked *