༉ ཀྲོང་གསར་དང་ གཞལམ་སྒང་བར་ནའི་ གཞུང་ལམ་ཁར་ཡོད་མི་ རྫོང་མཁར་ལུངམ་གི་ཟམ་དེ་ ན་ཧིང་ གནམ་བྱཱར་ལུ་ རྡོ་རྦོབ་རིལ་འོང་མི་ལུ་བརྟེན་ མེདཔ་བཏང་དཔ་ལས་ ལོག་གསརཔ་རྐྱབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཟམ་དེ་ཡང་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱིས་ སྤྱི་ཟླ་༦ པའི་ཚེས་༡ ལས་རྐྱབ་ནི་ འགོ་བཙུགས་ཡོདཔ་ད་ ལས་འགུལ་གྱི་ བཟོ་རིག་གཙོ་འཛིན་ ཨེ་ཀེ་ ཨིསི་ཏ་པཱག་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ཚོད་ ཟམ་གྱི་ལྕགས་གདུང་༣ ཆ་ར་ བཙུགས་ཚར་ཏེ་ རྩི་སའི་ལཱ་འགོ་བཙུགས་ནི་ལུ་ གྲ་སྒྲིག་འབད་བའི་སྒང་ཡོད་ཟེར་ཨིན་པས།
ཟམ་དེ་ཡང་ ཧེ་མའི་ཟམ་དང་ བཟོ་བཀོད་ཅོག་ར་འཐདཔ་སྦེ་ འོང་ནི་དང་ ད་ལྟོ་ཚུན་ཚོད་ ཆརཔ་རྒྱུན་ཆད་མེད་པར་རྐྱབ་རུང་ ལཱ་ལུ་བར་ཆད་མ་རྐྱབ་པར་ ལེགས་ཤོམ་སྦེ་ འགྱོ་དོ་ཡོདཔ་ལས་ ད་རེས་ཀྱི་ ཟླ་མཇུག་བསྡུ་ཁམས་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ ཨེ་ཀེ་ ཨིསི་ཏ་པཱག་གིས་ བཤདཔ་ཨིན་པས།
མང་སྡེ་ཆུ་ལས་འགུལ་གྱིས་ ཟམ་དེ་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༠༠ བཞག་སྟེ་ཡོདཔ་ད་ རྫོང་མཁར་ལུངམ་དེ་ ཀྲོང་གསར་ལས་ གཞལམ་སྒང་ཁ་ཐུག་ལུ་ ཀི་ལོ་མི་ཊར་༡༡ གི་ས་ཁར་ཡོདཔ་ཨིན་པས།
ཧེ་མའི་ཟམ་དེ་ སྤྱི་ལོ་༢༠༡༢ ལུ་ དོས་འབག་མི་ སྣུམ་འཁོར་ཊེ་ལར་ཅིག་ལུ་བརྟེན་ མེད་བཏང་པའི་ཤུལ་ལུ་ སྤྱི་ལོ་༢༠༡༤ ལུ་ ལོག་རྐྱབ་ཡོདཔ་ཨིན་རུང་ ན་ཧིང་ སྤྱི་ཟླ་༧ པའི་ཚེས་༡༤ ལུ་ བྱག་གུ་ལས་མར་ རྡོ་རྦོབ་རིལ་འོང་མི་གིས་ ཟམ་དེ་ འཕྱགས་བདའ་ཡོདཔ་ཨིན་པས།
ཟམ་འཕྱགས་བདའ་མི་དེ་ཡང་ གཙོ་བོ་ར་ རྫོང་མཁར་ལུངམ་ལུ་ མང་སྡེ་ཆུ་ལས་འགུལ་གྱིས་ ཁོང་རའི་ ཅ་ཆས་སྦོམ་ཚུ་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ ལམ་རྒྱ་བསྐྱེད་འབད་མི་ལུ་བརྟེན་ཨིན་པས།
ལམ་རྒྱ་བསྐྱེད་ཀྱི་ལཱ་དེ་ འབྲུག་པའི་ཁག་འབགཔ་༡ ལུ་ སྤྲོད་ཡོདཔ་བཞིན་དུ་ ཁག་འབགཔ་དེ་གིས་ ལམ་གྱི་མཐོ་ཚད་ ཚད་ལས་བརྒལ་ བཏོགས་བཏང་པའི་ཤུལ་ལུ་ ས་རུད་ཆད་ནི་ འགོ་བཙུགས་ཡོདཔ་ད་ ད་ལྟོའི་བར་ན་ཡང་ གནས་སྟངས་དེ་སྦེ་ར་ ཡོདཔ་ཨིན་པས།
རིང་ཐུང་མི་ཊར་༣༤.༥ འབད་མི་ རྫོང་མཁར་ལུངམ་གི་ཟམ་དེ་ རྐྱབ་ཚར་བའི་བསྒང་ལས་ མང་སྡེ་ཆུ་ གློག་མེ་ལས་འགུལ་གྱི་ འཕྲུལ་ཆས་སྦོམ་ ལེ་ཤ་ཅིག་ར་ སྐྱེལ་འདྲེན་འབད་ནི་ཡོད་མི་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།