རྫོང་ཁའི་སློབ་དཔོན་མ་ལང་པའི་ དཀའ་ངལ་སེལ་ནིའི་ཐབས་ལམ།

༉ རྒྱལ་གཞུང་གི་ ལྷན་ཁག་ཚུ་གི་གྲས་ལས་ དགོངས་ཞུ་འགྱོ་མིའི་ གྱངས་ཁ་མཐོ་ཤོས་ར་ ཤེས་རིག་ལྷན་ཁག་ནང་ ལཱ་འབད་མི་ སློབ་གྲྭའི་སློབ་དཔོན་ཚུ་ཨིན་མས།
དེ་ཡང་ སྤྱི་ལོ་༢༠༠༨ ལས་༢༠༡༨ ཀྱི་བར་ན་ ལོ་ངོ་༡༠ གྱི་ནང་འཁོད་ལུ་ སློབ་དཔོན་བསྡོམས་༢,༧༡༦ དགོངས་ཞུ་འབད་དེ་ སོང་མི་ལུ་ བལྟ་བ་ཅིན་ སྤྱིར་སྙོམས་ལུ་ གཞུང་གི་སློབ་གྲྭའི་སློབ་དཔོན་བརྒྱ་ཆ་༣.༦ དེ་ཅིག་གིས་ སློབ་སྟོན་གྱི་ ཁྱད་གཡོག་བཤོལ་བཞག་ཡོདཔ་ད་ སྤྱི་ལོ་༢༠༡༧ དང་༢༠༡༨ ཀྱི་བར་ན་ སློབ་དཔོན་༣༦༠ དེ་ཅིག་གིས་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་ནུག།
དགོངས་ཞུ་འགྱོ་མིའི་ གྱངས་ཁ་ལུ་ བལྟ་བ་ཅིན་ རྒྱ་ཆེཝ་སྦེ་མེད་ནི་དེ་གིས་ ང་བཅས་ལུ་ ཚ་གྱང་ལང་དགོཔ་དང་ སྤྱགས་སྡུག་འཐབ་དགོཔ་མེད་ཟེར་ སླབ་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ འོང་ནི་མས།
ད་རེས་འབད་བའི་བསྒང་ལས་ སློབ་གྲྭ་ཚུ་ནང་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁའི་སློབ་དཔོན་ལངམ་མེད་པའི་ དཀའ་ངལ་ཡོད་པའི་སྐོར་ ལོ་རྒྱུས་ཨིནམ་ད་ སློབ་དཔོན་མ་ལང་པའི་ དཀའ་ངལ་དེ་ཡང་ སྤྱི་ལོ་༢༠༡༧ ལུ་ ཤེས་རིག་གི་ སྲིད་བྱུས་བསྒྱུར་བཅོས་ཐོག་ རྫོང་ཁའི་སློབ་དཔོན་རྐྱངམ་གཅིག་གིས་ སློབ་སྟོན་འབད་དགོཔ་སྦེ་ བཟོ་བའི་ཤུལ་ལས་ ཐོན་ཡོདཔ་བཞིན་དུ་ ཧེ་མ་འབད་བ་ཅིན་ སྤྱིར་བཏང་སློབ་དཔོན་ཚུ་གིས་ རྫོང་ཁའི་ཆོས་ཚན་ སློབ་སྟོན་འབད་ནི་ཡོདཔ་ཨིན་མས།
སློབ་དཔོན་ལངམ་མེད་མི་དང་ ཆོས་ཚན་གྱི་ རྒྱབ་ཁུངས་མེད་མི་ སློབ་དཔོན་ཚུ་གིས་ སློབ་སྟོན་འབད་བ་ཅིན་ སློབ་ཕྲུག་གི་ ཤེས་ཡོན་ལུ་ ཐོ་ཕོག་ནིའི་ ཉེན་ཁ་ཡོད་པའི་ཁར་ ཤེས་ཡོན་གྱི་ སྤུས་ཚད་ཡང་ ཡར་དྲག་མེན་པར་ མར་ཉམས་འགྱོ་ཉེན་ཡོདཔ་ཨིན།
འདི་འབདཝ་ལས་ ལྷན་ཁག་གིས་ སློབ་དཔོན་ལངམ་མེད་པའི་ དཀའ་ངལ་སེལ་ཐབས་ལུ་ ཐབས་ལམ་བཏོན་མི་དེ་ ལེགས་ཤོམ་ཨིན་མི་དེ་ཡང་ འཆར་གཞི་༡༢ པ་ མཇུག་བསྡུ་བའི་བསྒང་ལས་ དཀའ་ངལ་བརྒྱ་ཆ་༥༠ དེ་ཅིག་ མར་ཕབ་འབད་ནིའི་ དམིགས་གཏད་འབདཝ་ཨིན་མས།
ད་རུང་ དཀའ་ངལ་སེལ་ཐབས་ལུ་ ཤེས་རིག་ལྷན་ཁག་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ སྤྱི་ལོ་༢༠༡༩ ལུ་ གཙུག་ལག་གོང་མའི་ སློབ་དཔོན་སློབ་སྦྱོང་གི་དོན་ལུ་ ས་སྟོང་༡༠༠ བཞག་དགོ་པའི་ ཞུ་བ་འབད་མི་དེ་ སྤྱི་ལོ་༢༠༡༧ དང་ཕྱདཔ་ད་ ས་སྟོང་ཐེབས་༣༥ ཨིནམ་ད་ སྤྱི་ལོ་༢༠༢༠ ལས་ སློབ་སྦྱོང་འབད་མི་ སློབ་དཔོན་ཚུ་ ལཱ་གཡོག་གི་དོན་ལུ་ གྲ་སྒྲིག་འགྱོ་ནི་ཨིན་མས།
ད་ཚུན་གྱི་བར་ན་ རྫོང་ཁའི་སློབ་དཔོན་གྱི་ དཀའ་ངལ་སྦོམ་ མ་བྱུང་མི་དེ་ སྤྱིར་བཏང་གི་ ཆོས་ཚན་སློབ་སྟོན་པ་ཚུ་གིས་ རྫོང་ཁའི་ཆོས་ཚན་ སློབ་སྟོན་འབདཝ་མ་ཚད་ ཁག་འབག་གི་ སློབ་དཔོན་བཙུགས་ནི་དེ་གིས་ཨིན་མས།
མ་གཞི་ ཁག་འབག་གི་ སློབ་དཔོན་བཙུགས་མི་དེ་ འཕྲལ་གྱི་དཀའ་ངལ་སེལ་ནིའི་ ཐབས་ལམ་ཅིག་ཨིན་རུང་ སློབ་སྦྱོང་འབད་འབདཝ་མེད་ནི་དེ་གིས་ སློབ་ཕྲུག་ཚུ་གི་ ཤེས་ཡོན་སྤུས་ཚད་ལུ་ ཐོ་ཕོག་ནིའི་ ཉེན་ཁ་ཡོད་པའི་ མཐོང་སྣང་བྱུངམ་མས།
ཤེས་རིག་ལྷན་ཁག་གིས་ ཤེས་རིག་གི་ སྤུས་ཚད་ཡར་དྲག་གཏང་ནིའི་ ཐབས་ལམ་ལེ་ཤ་བཏོན་མི་དེ་ལུ་ ང་བཅས་ཀྱི་ ཁ་ཐུག་ལས་ ལེགས་བསྟོད་འབདཝ་དང་གཅིག་ཁར་ དཀའ་ངལ་སེལ་ནིའི་ ཐབས་ལམ་དྲག་ཤོས་ར་ མི་སྟོབས་ལངམ་སྦེ་ བཙུགས་ནི་དེ་ ཧ་ཅང་གིས་གལ་ཆེ།
ད་རེས་ནངས་པར་ སློབ་གྲྭ་ཚུ་ནང་ རྫོང་ཁའི་སློབ་དཔོན་མ་ལང་པའི་ དཀའ་ངལ་སེལ་ནིའི་ ཐབས་ལམ་ཅིག་ སློབ་དཔོན་སློབ་སྦྱོང་འབད་མི་ མངམ་ལེན་ནི་དེ་ཨིནམ་བཞིན་དུ་ འདི་བཟུམ་མའི་ ཐབས་ཤེས་ཚུ་ ལག་ལེན་དང་གཅིག་ཁར་ ང་བཅས་རའི་ སློབ་དཔོན་ཚུ་ རང་སོའི་ཁྱད་གཡོག་ནང་ལས་ དགོངས་ཞུ་འབད་དགོ་པའི་ རྒྱུ་མཚན་ག་ཅི་ཨིན་ན་ ཧ་གོ་དགོཔ་འདུག།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *