རྫོང་ཁའི་ཤེས་ཚད་ཡོད་མི་ཚུ་ལུ་ ལཱ་གཡོག་དང་འབྲེལ་བའི་ གོ་སྐབས་ ཆུང་བའི་གདོང་ལེན།

༉ རྒྱལ་ཁབ་ནང་ རྫོང་ཁའི་ཤེས་ཚད་ཡོད་མི་ཚུ་ལུ་ ལཱ་གཡོག་དང་འབྲེལ་བའི་ གོ་སྐབས་ཆུང་བའི་ གདོང་ལེན་ཡོདཔ་ལས་ ད་ལས་ཕར་ ན་གཞོན་ཚུ་གིས་ རྫོང་ཁ་སློབ་སྦྱོང་འབད་ནིའི་ནང་ བློ་སྟོབས་བསྐྱེད་བཅུག་ཐབས་ལུ་ རྫོང་ཁའི་ཤེས་ཚད་ཡོད་མི་ཚུ་ལུ་ ངོས་ལེན་འབད་དེ་ གོ་སྐབས་བཟོ་གནང་དགོཔ་ འདུག་ཟེར་ཨིན་པས།

དེ་ཡང་ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་སྦེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཉིན་གྲངས་༣ གྱི་རིང་ རྫོང་ཁའི་གྲོས་ཚོགས་ འགོ་འདྲེན་འཐབ་པའི་སྐབས་ ལྷན་ཁག་དང་ ལས་སྡེ་ཚུ་ནང་ ལཱ་འབད་མི་ཚུ་གིས་ གྲོས་འདེབས་ཕུལ་ཡོདཔ་ཨིན་པས།

སྡེ་ཚན་གྱིས་ གྲོས་འདེབས་འབད་མིའི་ནང་ དབུ་ཁྲིདཔ་ཚུ་གིས་ རྫོང་ཁ་འབྲི་ལྷག་གི་ ཤེས་ཡོན་སྦྱང་ནིའི་ གོ་སྐབས་མ་ཐོབ་པའི་དཀའ་ངལ་དང་ རྫོང་ཁ་ལག་ལེན་འཐབ་ནི་ལུ་ ངོས་ལེན་དང་ རྒྱབ་སྐྱོར་ཆུང་བའི་དཀའ་ངལ་ཡོདཔ་ལས་ རྫོང་ཁའི་ལག་ལེན་དང་འབྲེལ་བའི་ དམིགས་ཡུལ་ཅིག་ གཞུང་སྐྱོང་མཆོག་འགྱུར་གན་ཡིག་ནང་ ངེས་པར་དུ་ འགྲུབ་དགོ་པའི་ མཐར་འཁྱོལ་བརྡ་མཚོན་སྦེ་ བཙུགས་དགོཔ་འདུག་ཟེར་ཨིན་པས།

སྡེ་ཚན་གྱིས་འབད་བ་ཅིན་ རྒྱལ་འཛིན་ཐབས་རིག་སྤེལ་ཁང་གིས་ འགོ་འདྲེན་འཐབ་སྲོལ་ཡོད་པའི་ དབུ་ཁྲིདཔ་ཚུ་གི་ སྦྱོང་བརྡར་གྱི་ལས་རིམ་འོག་ལུ་ རྫོང་ཁའི་གཞི་རྩ་དང་ སྲིད་བྱུས་ཀྱི་ གསལ་ཞུ་འབད་ནི་ཡོདཔ་ཅིག་ བཟོ་དགོ་པའི་ཁར་ བཀོད་ཁྱབ་འགོ་དཔོན་གདམ་འཐུའི་དོན་ལུ་ རྫོང་ཁའི་འབྲི་ལྷག་༢ ཆ་རའི་ནང་ ཆོས་རྒྱུགས་ཕུལ་ནི་ཡོདཔ་སྦེ་ བཟོ་དགོཔ་འདུག་ཟེར་ཨིན་པས།

གསལ་སྟོན་ནང་ བཀོད་མི་དང་འཁྲིལཝ་ད་ ལོ་བསྟར་ཞིན་དུ་ ཞི་གཡོག་གནས་རིམ་ ཁྱད་འཛིན་༥ པ་ཡན་ཆད་ཀྱི་ གོ་གནས་ཡར་སེང་གི་དོན་ལུ་ རྫོང་ཁའི་འབྲི་ལྷག་གི་ ཆོས་རྒྱུགས་རྐྱབ་དགོ་པའི་ ལམ་ལུགས་བཟོ་དགོཔ་དང་ ས་གནས་གཞུང་གི་ འགོ་ཁྲིདཔ་བཙག་འཐུའི་དོན་ལུ་ རྫོང་ཁའི་གཞི་རྟེན་གྱི་ འབྲི་ལྷག་ཆོས་རྒྱུགས་རྐྱབ་སྲོལ་ཡོད་མིའི་ གནས་ཚད་ཡར་སེང་རྐྱབ་དགོཔ་ འདུག་ཟེར་ཨིན་པས།

རྫོང་ཁ་གོང་འཕེལ་དང་འབྲེལ་བའི་ ལས་རིམ་ཚུ་གི་དོན་ལུ་ མ་དངུལ་མ་ལངས་པའི་ དཀའ་ངལ་དང་ མ་དངུལ་ཚུ་ གྲུབ་འབྲས་ཅན་སྦེ་ ལག་ལེན་འཐབ་མ་ཚུགས་པའི་ དཀའ་ངལ་ཡོདཔ་ད་ རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་ གཞུང་སྐྱོང་མཆོག་འགྱུར་སྡེ་ཚན་ དེ་ལས་ དངུལ་རྩིས་ལྷན་ཁག་༣ བསྟུན་གྲོས་འབད་དེ་ ལྷན་ཁག་དང་ ལས་སྡེ་ཁག་ཚུ་ནང་ རྫོང་ཁ་གོང་འཕེལ་གྱི་ མ་དངུལ་གནངམ་ད་ ལས་སྣ་ཚུ་ཡང་ དབྱེ་ཞིབ་འབད་དེ་ གཙོ་རིམ་བསྒྲིག་སྟེ་ གནང་དགོཔ་འདུག་ཟེར་ཨིན་པས།

གསལ་སྟོན་འབད་མི་དང་འཁྲིལཝ་ད་ ཁྱད་རིག་དང་ལྡན་པའི་ མི་སྟོབས་མ་ལང་པའི་ དཀའ་ངལ་ཡོདཔ་ལས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཞི་གཡོག་ལྷན་ཚོགས་དང་ཁ་སླབ་སྟེ་ ལྷན་ཁག་༡༠ དང་ གཙུག་སྡེ་ཁག་ཚུ་ནང་ སྐད་ཡིག་གོང་འཕེལ་འགོ་དཔོན་རེ་བསྐོ་བཞག་གནང་དགོཔ་ འདུག་ཟེར་ཨིན་པས།

སྡེ་ཚན་གྱིས་ གསལ་སྟོན་འབད་མིའི་ནང་ ཞི་གཡོག་ཆོས་རྒྱུགས་མཐར་འཁྱོལ་ཏེ་ གཙུག་ལག་གཞི་རིམ་གོང་མའི་ ཤེས་ཡོན་སྦྱངས་མི་ག་ར་ལུ་ རྫོང་ཁའི་ཆོས་ཚན་ཅིག་བཙུགས་ཏེ་ སློབ་སྦྱོང་འབད་བཅུག་དགོཔ་དང་ རྫོང་ཁའི་ཡིག་འགྲུལ་གྱི་རིགས་ག་ར་ དཔེ་གཞི་བཟོ་སྟེ་ ལྷན་ཁག་དང་ ལས་སྡེ་ཁག་ཚུ་ནང་ བཀྲམ་དགོཔ་འདུག་ཟེར་ཨིན་པས།

སྡེ་ཚན་གྱིས་འབད་བ་ཅིན་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཞི་གཡོག་ལྷན་ཚོགས་དང་གཅིག་ཁར་ གསུང་གྲོས་གནང་ཐོག་ལས་ སྐད་ཡིག་གོང་འཕེལ་འགོ་དཔོན་ཚུ་ལུ་ ཨོཛ་ཨེཌ་དང ནུ་ཕིཀ་ལ་སོགས་པའི་ སློབ་གཉེར་གྲོགས་རམ་ཚུ་ནང་ཡང་ སྐད་ཡིག་རིག་པའི་ སྦྱོང་བརྡར་གྱི་ གོ་སྐབས་ཡོདཔ་ བཟོ་དགོ་ཟེར་ཨིན་པས།

རྫོང་ཁ་ལུ་ འབྲུག་མི་ག་ར་གིས་ བརྩི་བཀུར་དང་ དག་སྣང་ཆུང་བའི་ དཀའ་ངལ་ཡོདཔ་ད་ རྫོང་ཁའི་གཞི་རྩ་དང་ སྲིད་བྱུས་ཀྱི་ ཀུན་ཁྱབ་བརྡ་སྤྲོད་ལས་རིམ་ཚུ་ འགོ་འདྲེན་འཐབ་དགོཔ་ད་ རྒྱང་མཐོང་དང་ རྒྱང་བསྒྲགས་ གསར་ཤོག་ལ་སོགས་པའི་ཐོག་ལས་ རྫོང་ཁ་ཁག་ཆེ་བའི་སྐོར་ལས་ ཁྱབ་སྤེལ་གཏང་དགོ་ཟེར་ཨིན་པས།

གྲོས་ཚོགས་ནང་ བཅའ་མར་གཏོགས་མི་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ གཞུང་གི་ཁ་ཐུག་ལས་ ཞལ་འཛོམས་ལ་སོགས་པ་ ག་ཅི་ར་ འགོ་འདྲེན་འཐབ་རུང་ དེ་གི་གྲོས་ཆོད་ཚུ་ ཨིང་སྐད་ནང་ར་ ཐོན་ཏེ་འདུག་ཟེར་ཨིནམ་ད་ ད་ལས་ཕར་ གྲོས་ཆོད་བཟོ་མི་ཚུ་ལུ་ རྫོང་ཁའི་ཤེས་ཚད་མེད་པ་ཅིན་ སྦྱོང་བརྡར་བྱིན་ཞིནམ་ལས་ ལྕོགས་གྲུབ་ཅན་བཟོ་སྟེ་ གྲོས་ཆོད་ཀྱི་རིགས་ཚུ་ རྫོང་ཁའི་ནང་ བཏོན་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *