རྫོང་ཁའི་བརྡ་བརྒྱུད་ལས་ཁང་ཚུ་གིས་ ཁོང་རའི་ ལཱ་གི་གནས་སྟངས་སྐོར་ལས་ གསལ་བཤད་འབད་བའི་བསྒང་།

རྫོང་ཁའི་ཡིག་སྡེབ་དང་ བརྡ་སྦྱོར་མིང་ཚིག་ཚུ་ གཅིག་མཚུངས་མེད་པའི་དཀའ་ངལ།

༉ རྒྱལ་ཁབ་ཀྱི་ རྫོང་ཁའི་བརྡ་བརྒྱུད་ལས་ཁང་ཚུ་ནང་ རྫོང་ཁའི་བརྡ་སྦྱོར་དང་ མིང་ཚིག་ལ་སོགས་པ་ཚུ་ ལེགས་བཅོས་འབད་ཞིནམ་ལས་ གོང་འཕེལ་དང་ དར་ཁྱབ་གཏང་ཐབས་ལུ་ ལས་ཁང་ལ་ལོ་ཅིག་ནང་ རྫོང་ཁའི་ཚོགས་ཆུང་ཡང་ གཞི་བཙུགས་འབད་དེ་ ཡོད་ཟེར་ཨིན་པས།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ རྩོམ་རིག་གཙོ་འཛིན་ བཀྲིས་ཚེ་དབང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པར་ རྫོང་ཁའི་རྒྱང་བསྒྲགས་དང་ རྒྱང་མཐོང་ དེ་ལས་ གསར་ཤོག་ཚུ་ནང་ རྫོང་ཁའི་བརྡ་སྦྱོར་དང་ མིང་ཚིག་ བརྗོད་སྒྲ་ལ་སོགས་པ་ཚུ་ འཛོལ་བ་སྦོམ་འཐོན་ནི་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྫོང་ཁའི་བརྡ་བརྒྱུད་ལས་ཁང་ཚུ་ནང་ སྦྱོང་བརྡར་མེད་པའི་ གནས་ཚུལ་བསྡུ་བཀོདཔ་ཚུ་ཡོད་པའི་ བརྡ་མཚོན་སྟོནམ་མས་ཟེར་ཨིནམ་ད་ མ་གཞི་ སྦྱོང་བརྡར་ཡོད་མི་ གནས་ཚུལ་བསྡུ་བཀོདཔ་ཚུ་ཡོད་རུང་ ལས་ཁང་ཚུ་གིས་ ཁོང་ཆ་ཁྱབ་ལུ་ སྦྱོང་བརྡར་ལ་སོགས་པ་ཚུ་ འགོ་འདྲེན་འཐབ་ཚུགས་པ་ཅིན་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།

འབྲུག་རྒྱང་བསྒྲགས་ལས་འཛིན་ལས་ སྡེ་ཚན་གཙོ་འཛིན་ སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ ལས་ཁུངས་སོ་སོ་ལུ་ འགན་ཁུར་སོ་སོ་ཡོདཔ་ལས་ འཛོལ་བ་འབྱུང་འོང་ཟེར་ཨིན་རུང་ ད་ལས་ཕར་ ལེགས་བཅོས་འབད་དེ་ གོང་འཕེལ་གཏང་ཐབས་ལུ་དམིགས་ཏེ་ རྒྱང་བསྒྲགས་ལས་འཛིན་ནང་ རྫོང་ཁའི་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཚོགས་ཆུང་དེ་གིས་ རྫོང་ཁའི་ཞིབ་འཚོལ་དང་འབྲེལ་བའི་ ལཱ་འབད་དོ་ཟེར་ཨིནམ་ད་ ད་རེས་ནངས་པར་ ཆོས་སྐད་ཀྱི་ཚིག་ཚུ་ ལག་ལེན་འཐབ་སྟེ་ ལུང་པའི་ངག་གཤིས་ཚུ་དང་ རྫོང་ཁའི་ཚིག་ཚུ་ འབྱང་དོ་ཡོདཔ་ལས་ ཚོགས་ཆུང་གི་ དམིགས་ཡུལ་དེ་ ཆོས་ཚིག་ཚུ་མེན་པར་ ལུང་པའི་ངག་གཤིས་དང་ རྫོང་ཁའི་ཚིག་ཚུ་ ལག་ལེན་འཐབ་ནི་དེ་ ཨིན་ཟེར་ཨིན་པས།

རྒྱལ་སྤྱི་གསར་ཤོག་གི་ བཀོད་ཁྱབ་གཙོ་འཛིན་ མགོན་པོ་རྡོ་རྗེ་གིས་ སླབ་མིའི་ནང་ རྫོང་ཁ་དེ་ ཆོས་སྐད་དང་ ཡང་ཅིན་ ལུང་པའི་ངག་གཤིས་ལུ་ ཆ་གནས་བཞག་ནི་ཨིན་ན་ མ་ཤེས་མི་ལུ་བརྟེན་ ལས་ཁང་ཚུ་ནང་ལཱ་འབད་མི་ཚུ་ མགུ་འཐོམ་ཡོདཔ་ལས་ གཏན་འཁེལ་བཟོ་དགོཔ་ འདུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྫོང་ཁའི་ཚིག་མཛོད་ཚུ་ དཔེ་སྐྲུན་འབད་མི་དེ་གིས་ རྫོང་ཁའི་བརྡ་བརྒྱུདཔ་ཚུ་ལུ་ ཕན་ཐོགས་བྱུང་ཡོད་རུང་ ལོ་བསྟར་བཞིན་དུ་ ལྷན་ཚོགས་ཀྱིས་ ཚིག་མཛོད་བཏོན་མིའི་ནང་ ཡིག་སྡེབ་ཚུ་ སོ་སོར་སྦེ་ ཡོད་མི་དེ་གིས་ ག་དེ་ ལག་ལེན་འཐབ་ནི་ཨིན་ན་ མ་ཤེས་པའི་ དཀའ་ངལ་བྱུང་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྫོང་ཁའི་བརྡ་བརྒྱུད་ལས་ཁང་ཚུ་གིས་ རྫོང་ཁ་གོང་འཕེལ་དང་ དར་ཁྱབ་གཏང་ཚུགས་རུང་ དེ་ནང་ལཱ་འབད་མི་ཚུ་ ཁྱད་རིག་དང་ ལྕོགས་གྲུབ་ཅན་བཟོ་ཐབས་ལུ་ ལྷན་ཚོགས་ཀྱིས་ སྦྱོང་བརྡར་ལ་སོགས་པ་ཚུ་ འགོ་འདྲེན་འཐབ་གནང་པ་ཅིན་ ཕན་ཐོགས་འབྱུང་ནི་ཨིནམ་མ་ཚད་ ས་གནས་ལ་སོགས་པའི་ མིང་ཚུ་གི་ ཚིག་མཛོད་དཔེ་སྐྲུན་འབད་བ་ཅིན་ ག་ར་གིས་ གཅིག་མཚུངས་སྦེ་ ལག་ལེན་འཐབ་ཚུགས་ནི་མས་ཟེར་ཨིན་པས།

སྐུ་གཟུགས་རྒྱང་བསྒྲགས་ཀྱི་ བཀོད་ཁྱབ་གཙོ་འཛིན་གྱིས་ སླབ་མིའི་ནང་ རྒྱང་བསྒྲགས་དེ་ བརྒྱུད་འཕྲིན་ཐོག་ ཁ་འཐེན་གྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ གནས་ཚུལ་ཚུ་ ཁྱབ་སྤེལ་འབད་ནི་མེད་རུང་ ཁ་འཐེན་གྱི་ ལས་རིམ་ཚུ་གི་སྐབས་ ས་གནས་ཁག་གི་ མིང་ཚུ་སླབ་ད་ དཀའ་ངལ་བྱུང་དོ་ཡོད་མི་ལུ་བརྟེན་ ལྷན་ཚོགས་ཀྱིས་ མིང་དེ་ཚུ་ གཅིག་མཚུངས་བཟོ་ཞིནམ་ལས་ བཀྲམ་སྤེལ་འབད་བ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

རྒྱལ་ཡོངས་ཚོགས་སྡེ་ལས་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ རྫོང་ཁའི་གསར་ཤོག་ཚུ་ ལྷག་པའི་སྐབས་ དེ་ནང་ ཡིག་སྡེབ་ཚུ་ སོ་སོར་སྦེ་ འོང་དོ་ཡོདཔ་ལས་ ག་ལུ་ཆ་བཞག་ནི་ཨིན་ན་ མི་ཤེས་དོ་ཡོདཔ་ལས་ ཡིག་སྡེབ་ཚུ་ གཅིག་མཚུངས་བཟོ་ནིའི་ འགན་ཁུར་དེ་ ག་ལུ་ཕོགཔ་ཨིན་ན་ཟེར་ཨིན་པས།

ཁ་ཙ་ ཤེས་རིག་དང་གཙུག་ལག་ཤེས་ཡོན་ ལྷན་ཁག་དང་ལས་སྡེ་ དེ་ལས་ བརྡ་བརྒྱུད་ལས་ཁང་སྦེ་ སྡེ་ཚན་༣ བཟོ་ཞིནམ་ལས་ གྲོས་བསྡུར་འབད་མི་དེ་ ད་རིས་ གྲོས་འདེབས་ཕུལ་ཐོག་ལས་ ཉིན་གྲངས་༣ གྱི་ རྫོང་ཁའི་གྲོས་ཚོགས་དེ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *