རྒེད་འོག་ཚོགས་སྡེ་འཚོགས་པའི་བསྒང་།

རྫོང་ཁག་ཚོགས་འདུ་ནང་ ཐང་རོང་གི་གྲོས་གཞི་༥ བཙུགས་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༢༩ ལུ་ མོང་སྒར་ ཐང་རོང་རྒེད་འོག་ནང་ གྲོས་གཞི་ལེ་ཤ་ཅིག་གུ་ གྲོས་བསྡུར་གནང་པའི་ཤུལ་ལས་ གནད་དོན་གལ་ཅན་ཅིག་ཨིན་མི་ དོན་ཚན་༥ ཆ་འཇོག་གྲུབ་སྟེ་ རྫོང་ཁག་ཚོགས་འདུའི་དོན་ལུ་ གྲོས་གཞི་སྦེ་ བཙུགས་ནི་ཨིན་པས།
གྲོས་གཞི་ཚུ་གི་གྲས་ལས་ དང་པ་ འདས་པའི་ལོ་ཚུ་ལས་འགོ་བཙུགས་ བཟོ་སྐྲུན་འབད་མི་ སྤྱི་དོན་ཁང་དེ་ ད་ལྟོའི་བར་ན་ཡང་ སྒྲུབ་མ་ཚུགས་པའི་ཁར་ སྤྱི་དོན་ཁང་ཡང་ རྒེད་འོག་གཞན་ཚུ་ནང་ ཡོད་དོ་བཟུམ་སྦེ་མེན་པར་ ཐོག་༢ སྦེ་ རྐྱབ་དོ་ཡོདཔ་ཨིན་པས།
རྒེད་འོག་གོང་འཕེལ་མ་དངུལ་ ས་ཡ་༢ ཀྱི་ཐོག་ལས་ འོག་ཐོག་བཟོ་སྐྲུན་འབད་ཡོད་རུང་ འཆར་ལོ་༢༠༡༦ དང་༢༠༡༧ ནང་ བཟོ་སྐྲུན་འབད་ཚར་ནིའི་དོན་ལུ་ མ་དངུལ་ཁ་སྐོང་གནང་དགོ་པའི་སྐོར་ གྲོས་འཆམ་བྱུང་ཡི།
རྒེད་འོག་ཚོགས་སྡེའི་ཁྲི་འཛིན་ བཅོ་ལྔ་གིས་ སླབ་མིའི་ནང་ གཞན་དལ་གཞི་ རྒེད་འོག་གཞན་ཚུ་ནང་ སྤྱི་དོན་ཁང་ལུ་ ཐོག་ཚད་༡ ལས་བརྒལ་མེད་རུང་ རྒེད་འོག་ནང་ ཐོག་ཚད་༢ བཟོ་སྐྲུན་འབད་དགོ་མི་དེ་ ཕྱིའི་མགྱོནམ་ཚུ་ འོང་པའི་སྐབས་ མགྲོན་ཁྱིམ་མེདཔ་ལས་ ད་ཚུན་ རྒཔོ་དང་ དམངས་མི་ ཚོགས་པའི་ཁྱིམ་ནང་ སྡོད་དགོ་པའི་དཀའ་ངལ་སེལ་ཐབས་ལུ་ ཨིན་ཟེར་ཨིན་པས།
ཀི་ལོ་མི་ཊར་༦ དེ་ཅིག་ལས་ འཐེན་ནི་ཨིན་མི་ འཐུང་ཆུ་དེ་ ལྟག་རྫོང་གཡུས་ཚན་གྱི་ གུང་པ་༤༠ ལུ་ ཁེ་ཕན་འབྱུང་ནི་ཨིནམ་ད་ ད་ཚུན་ གཡུས་ཚན་དེ་གི་མི་སེར་ཚུ་ འཐུང་ཆུ་ཡོད་རུང་ ལང་མ་ཚུགས་པའི་དཀའ་ངལ་ཡོདཔ་ལས་ སྦུང་མི་སེར་གྱི་འབག་ནི་དང་ ཆུ་དུང་རྒེད་འོག་གོང་འཕེལ་མ་དངུལ་ལས་ མཁོ་སྒྲུབ་འབད་ནིའི་དོན་ལུ་ གྲོས་ཆོད་བཏོན་ཡོདཔ་ཨིན།
དེ་བཟུམ་སྦེ་ རྒེད་འོག་གོང་འཕེལ་མ་དངུལ་ལས་ དངུལ་ཀྲམ་འབུམ་༥ བཞག་མི་དེ་ ལྕང་ཤིང་གཡུས་ཚན་གྱི་ མི་སེར་ཚུ་གི་དོན་ལུ་ འཐུང་ཆུ་བཏོན་ཐབས་ལུ་བཞག་ནི་སྦེ་ གྲོས་ཆོད་བཏོན་ཡི།
དེ་ཡང་ ཀི་ལོ་མི་ཊར་ཕྱེད་དང་༥ ལས་བཏོན་མི་ འཐུང་ཆུ་དེ་གི་ ཆུ་དུང་ཚུ་ ཉམས་སྐྱོན་ཤོར་བའི་ཁར་ ཆུ་ཡང་སྐམ་འགྱོ་དོ་ཡོདཔ་ལས་ མཐའ་ཟུར་གྱི་མི་སེར་ཚུ་ལུ་ བྱ་སྟབས་མ་བདེ་བའི་དཀའ་ངལ་ཡོདཔ་སྦེ་ གསུང་གྲོས་གནང་པའི་ཤུལ་ལས་ གུང་པ་༣༩ གི་དོན་ལུ་ མ་དངུལ་གནང་ནི་སྦེ་ གྲོས་ཆོད་བཏོན་ཡི།
དེ་མ་ཚད་ རྒེད་འོག་ཚོགས་སྡེ་ནང་ འཆར་ལོ་༢༠༡༧ དང་༢༠༡༨ ཀྱི་དོན་ལུ་ གཞུང་ལས་གནང་ཡོད་པའི་ མ་དངུལ་ དངུལ་ཀྲམ་ས་ཡ་༩ གནང་མི་དེ་ ལག་ལེན་འཐབ་ནིའི་འཆར་གཞི་དང་ ལས་རིམ་ཚུ་གི་སྐོར་ གསུང་གྲོས་གནང་ཡོདཔ་ད་ དེ་ཡང་ མ་དངུལ་དེ་ བའུ་ཆི་གླིང་གཡུས་ཚན་གྱི་དོན་ལུ་ འཐུང་ཆུ་བཏོན་ནི་དང་ རྒེད་འོག་གི་ སྨན་ཁང་ཉམས་བཅོས་འབད་ནི་ དེ་ལས་ རྒེད་འོག་ལས་ མཐའ་ཟུར་གྱི་གཡུས་ཚན་ ཨ་ཏོ་ལའི་དོན་ལུ་ སོ་ནམ་ཞིང་ལམ་བཏོན་ནི་ལུ་ བགོ་བཀྲམ་འབད་དེ་འདུག།
དེ་བཟུམ་སྦེ་ ཉིནམ་༡ གི་རིང་འཚོགས་མི་ རྒེད་འོག་ཚོགས་འདུ་ནང་ རྒེད་འོག་ནང་ སློབ་གྲྭ་ཆུང་བ་༡ ལས་བརྒལ་མེདཔ་ལས་ ཐང་རོང་སློབ་གྲྭ་ཆུང་བའི་ནང་ སློབ་ཕྲུག་༢༠༠ ལྷགཔ་ཅིག་ཡོདཔ་ལས་ སློབ་ཕྲུག་ཚུ་ སློབ་རིམ་༦ པ་ལས་ མཐར་འཁྱོལ་བའི་ཤུལ་ལུ་ རྒེད་འོག་གཞན་གྱི་ སློབ་གྲྭ་ཚུ་ནང་ བཏང་པའི་སྐབས་ དཀའ་ངལ་ཡོདཔ་ལས་ འབྲིང་རིམ་སློབ་གྲྭ་གུ་ ཡར་སེང་འབད་དགོ་པའི་ གྲོས་ཆོད་བཏོན་ཡི།
ལྷག་པར་དུ་ འཚོ་བ་གཙོ་བོ་ གེ་ཟ་ལུ་བརྟེན་སྡོད་མི་ མི་སེར་ཚུ་ ཟླ་ངོ་༣ དང་༤ བར་ན་ ཞིང་ནང་ལཱ་འབད་བའི་ ཐོན་སྐྱེད་ཚུ་ བསྡུ་ནི་རནམ་ད་ རི་དྭགས་སེམས་ཅན་གྱིས་ གནོད་སྐྱོན་རྐྱབ་མི་དང་ རླུང་འཚུབས་དང་ ཆརཔ་ དེ་ལས་ ས་རུད་དང་ཆུ་རུད་ཀྱིས་ གནོད་པའི་སྐབས་ འཐོབ་ནི་མེདཔ་ལས་ ད་ལས་ཕར་ ཉེན་བཅོལ་ཐོབ་ཐངས་བཟོ་ནིའི་སྐོར་ གྲོས་འཆམ་བྱུང་ཡོདཔ་བཞིན་དུ་ རྫོང་ཁག་ཚོགས་འདུ་ནང་ གྲོས་གཞི་སྦེ་ བཙུགས་ནི་ཨིན་པས།
རྒེད་འོག་གི་ ཚོགས་སྡེ་དེ་ རྒཔོ་གི་ཁྲི་འཛིན་མཛད་དེ་ སྤྱི་འོག་༥ འི་ཚོགས་པ་དང་ གོ་ཤེས་ཉན་ཤེས་དང་ ཉམས་མྱོང་ཅན་གྱི་མི་སེར་ དམངས་མི་ བདག་སྐྱོང་འགོ་དཔོན་ དེ་ལས་ ལས་སྡེ་ཁག་གི་ འགོ་དཔོན་ཚུ་གིས་ རྒེད་འོག་ཚོགས་སྡེ་ནང་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

ཐང་རོང་ལས་ བཀྲིས་ཕུན་ཚོགས།

About admin

Check Also

གློག་ཤུགས་ཀྱིས་ ཆུ་མིག་ཐང་གི་ སློབ་ཕྲུག་ཅིག་འཚིགས་ཡོདཔ།

༉ སྐྱེས་ལོ་༡༤ ལང་མི་ ཆུ་མིག་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་ཅིག་ གློག་མེ་གིས་ ཤུགས་འབད་ར་ འཚིགས་པའི་ཤུལ་ལས་ ད་ལྟོ་ ཕུན་ཚོགས་གླིང་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས། རྐྱེན་ངན་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ …

Leave a Reply

Your email address will not be published. Required fields are marked *