རྫོང་ཁག་ཚུ་ནང་ སྤུས་ཚད་དམ་འཛིན་ཚོགས་ཆུང་ གཞི་བཙུགས་འབད་ནི།

༉ རྫོང་ཁག་ནང་ཡོད་པའི་ མཐུན་རྐྱེན་ཚུ་ ཚུལ་མཐུན་སྦེ་ ལྟ་རྟོག་འབད་ནིའི་དོན་ལས་ རྩི་རང་ལུ་ སྤུས་ཚད་དམ་འཛིན་ཚོགས་ཆུང་ གཞི་བཙུགས་འབད་ནིའི་གྲོས་འཆར་ རྫོང་ཁག་ཚོགས་འདུ་ནང་ བཙུགས་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ རྫོང་ཁག་ནང་ མཐུན་རྐྱེན་ཚུ་གི་སྤུས་ཚད་ སྐྱོ་ཤོས་ཡོད་མིའི་ གནད་དོན་གཙོ་བོ་ར་ ཁག་འབག་གི་ ལམ་ལུགས་དང་འཁྲིལཝ་ད་ ལཱ་ཚུ་ ཁག་འབག་ཆུང་བ་ཚུ་ལུ་ སྤྲོད་མ་ཆོགཔ་ཨིན་རུང་ ལཱ་མང་ཤོས་ར་ ཁག་འབག་ཆུང་བ་ཚུ་ལུ་ སྤྲོད་མི་ལུ་བརྟེན་ བདའ་ཟུན་མ་ཚུགས་པར་ ལུས་དོ་ཡོདཔ་ཨིན་པས།
རྫོང་ཁག་བརྡ་དོན་འཕྲུལ་རིག་འགོ་དཔོན་ ཚེ་རིང་རྡོ་རྗེ་གིས་ རྫོང་ཁག་ཚོགས་འདུ་ནང་ གསལ་ཞུ་འབད་མིའི་ནང་ མ་གཞི་ རྫོང་ཁག་ནང་ ལྟ་རྟོག་ཚོགས་ཆུང་ཡོད་རུང་ མཐུན་རྐྱེན་ཚུ་ མཐིལ་ཕྱིན་སྦེ་ བརྟག་ཞིབ་འབད་ནིའི་ ལྕོགས་གྲུབ་མེདཔ་ལས་ སྤུས་ཚད་དམ་འཛིན་ཚོགས་ཆུང་དེ་ རྒེད་འོག་དང་ རྫོང་ཁག་གཉིས་ཆ་རའི་ གནས་རིམ་ནང་ དགོཔ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤུས་ཚད་དམ་འཛིན་ཚོགས་ཆུང་ཡོད་པ་ཅིན་ དེ་གིས་ གཞུང་གི་ཟད་འགྲོ་ མར་ཕབ་འགྱོ་ནིའི་ ཁེ་ཕན་དང་ མི་སྡེ་གིས་ཡང་ ཞབས་ཏོག་ཚུ་ འཕྲོ་མཐུད་སྤྱོད་ནིའི་ གོ་སྐབས་ཡོད་པའི་ཁར་ མཐུན་རྐྱེན་ཚུ་ དུས་རྒྱུན་དུ་ ཉམས་བཅོས་འབད་དགོཔ་ མི་འཐོན་ཟེར་ཨིན་པས།
རྫོང་ཁག་ནང་ མཐུན་རྐྱེན་གྱི་ སྤུས་ཚད་ལུ་ ཐོ་ཕོག་མིའི་ གནད་དོན་ཅིག་ གཞི་རྟེན་ཁང་བཟོ་སྐྲུན་འབདཝ་ད་ རིན་གོང་ཉུང་ཤོས་བཀོད་མི་ ཁག་འབགཔ་ལུ་ ལཱ་སྤྲོད་ནི་དེ་གིས་ཨིན་པའི་ཁར་ མི་མང་ལུ་ མི་སྡེའི་འགན་འཁྲིའི་སྐོར་ལས་ གོ་བརྡ་མ་སྤྲོད་པར་ གཞུང་ལུ་བརྟེན་སྡོད་དེ་ མཐུན་རྐྱེན་ཚུ་ བདག་འཛིན་མི་འཐབ་པས་ཟེར་ཨིན་པས།
རྩི་རང་གི་རྫོང་བདག་ པདྨ་གིས་ སླབ་མིའི་ནང་ སྤུས་ཚད་དམ་འཛིན་ཚོགས་ཆུང་ གཞི་བཙུགས་འབད་ནི་དེ་ ཁག་ཆེ་རུང་ གྲུབ་འབྲས་ལེགས་ཤོམ་ འཐོན་ནིའི་དོན་ལུ་ ཚོགས་ཆུང་ནང་ ཉམས་མྱོང་དང་ ལྕོགས་གྲུབ་ཅན་གྱི་ འཐུས་མི་བཙུགས་དགོཔ་ ཁག་ཆེ་ཟེར་ཨིན་པས།
རྫོང་བདག་གིས་འབད་བ་ཅིན་ གནད་དོན་དེ་གི་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་དང་གཅིག་ཁར་ གྲོས་བསྟུན་ཞིབ་པར་འབད་དགོཔ་ ཁག་ཆེཝ་མ་ཚད་ ཚོགས་ཆུང་གི་ འགན་ཚད་བཟོ་ནི་དེ་ཡང་ གལ་ཆེ་ཟེར་ཨིན་པས།
ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ རྒེད་འོང་ནང་ ཧེ་མ་ལས་ འཐུང་ཆུ་དང་ སོ་ནམ་ཞིང་ལམ་ དེ་ལས་ ཆུ་གཡུར་ཚོགས་པ་ལ་སོགས་པའི་ ཚོགས་ཆུང་ལེ་ཤ་ཡོདཔ་ལས་ ཚོགས་ཆུང་གསརཔ་གཞི་བཙུགས་འབད་བ་ཅིན་ ཧེང་སྐལ་ར་ ལཱ་ཐེབས་བཟོ་འོང་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ་དང་ ནིར་མ་ལ་ པོག་རེལ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *