རྫོང་ཁག་བདག་སྐྱོང་གིས་ ནང་འཁོད་གནས་སོར་བཏང་མི་ལུ་ སེམས་མ་དགའ་བར་ཡོདཔ།

༉ དར་དཀར་ནང་རྫོང་ཁག་བདག་སྐྱོང་གིས་ ས་གནས་གཞུང་ལེགས་བསྒྱུར་འབད་ཐབས་ལུ་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་ རྫོང་ཁག་ནང་འཁོད་ གནས་སོར་བཏང་མི་ལུ་ སེམས་དང་མ་ལྡན་པར་ཡོདཔ་ཨིན་པས། 

ས་གནས་གཞུང་གི་ བཙག་འཐུ་༣ པ་འགོ་འདྲེན་མ་འཐབ་པའི་ ཧེ་མ་ལས་ རྒེད་འོག་༡༡ ནང་ ཞི་གཡོག་ལེགས་བསྒྱུར་ལུ་ གཞིར་བཞག་སྟེ་ གནས་སོར་གཏང་ནི་སྦེ་ གྲོས་ཐག་བཅད་ཡོད་རུང་ ལེགས་ཤོམ་འགྱོ་མ་བཏུབ་མི་དེ་ཡང་ ལ་ལོ་གིས་ དགོངས་ཞུ་འབད་ནི་སྦེ་ ཐག་བཏོག་པའི་ཁར་ ལྷ་མོའི་རྫིང་ཁ་དྲུང་ཁག་གི་ རྒེད་འོག་༣ དེ་ ཞི་གཡོག་ལེགས་བསྒྱུར་གྱི་ བྱ་རིམ་ནང་ མ་བཙུགས་མི་ལུ་བརྟེན་ཨིན་པས།

རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་གིས་ ཁ་ཉེས་བཀལ་མི་དེ་ཡང་ གནས་སོར་དེ་ དུས་ཅི་ལོ་མཇུག་མ་བསྡུ་ཚུན་ ཕར་འགྱངས་འབད་དགོཔ་སྦེ་ རྫོང་ཁག་བདག་སྐྱོང་ལུ་ ཞུ་བ་ཕུལ་རུང་ ཡིག་ཚང་བཀའ་རྒྱ་༢ བཏོན་མིའི་ནང་ ཨིན་ཅི་མིན་ཅི་ དུས་ཅི་ སྤྱི་ཟླ་༤ པ་རྫོགསཔ་ད་ རང་སོའི་ས་གནས་ནང་ ལྷོད་དགོཔ་སྦེ་ཡོདཔ་ཨིན་པས།

དེ་འབདཝ་ད་ ལ་ལོ་ཅིག་གིས་ ཡིག་ཚང་བཀའ་རྒྱ་བཏོན་ཏེ་ ཟླཝ་༦ ལང་རུང་ ད་ལྟོའི་བར་ན་ཡང་ ཡིག་ཚང་ནང་ ལཱ་འབད་བཞིན་དུ་ཡོདཔ་ཨིན་པས།

རྒེད་འོག་བདག་སྐྱོང་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གནས་སོར་གྱི་ བཀའ་རྒྱ་བཏོན་ཏེ་ བདུན་ཕྲག་༢ ལང་སོ་རུང་ ཡིག་ཚང་གསརཔ་ནང་ འགྱོ་མ་ཚུགས་མི་དེ་ རྒཔོ་གིས་ བཏང་མ་བཏུབ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

ལོ་ངོ་༩ གི་རིང་ རྒེད་འོག་ནང་ ཕྱག་ཞུ་མི་ བདག་སྐྱོང་འགོ་དཔོན་ཅིག་གིས་ དུས་ཅི་ ལོ་མཇུག་བསྡུཝ་ད་ རྫོང་ཁག་གཞན་ཅིག་ནང་ གནས་སོར་གཏང་གནང་ཟེར་ ཞུ་ཡོདཔ་ད་ སྤྱི་ཟླ་༦ པའི་རྩིས་ལོ་ མཇུག་བསྡུ་མི་ལུ་བརྟེན་ རྒེད་འོག་བདག་སྐྱོང་ལུ་ ལཱ་ལེ་ཤ་འབད་དགོཔ་ཡོདཔ་ལས་ རྒཔོ་གིས་ ཡིག་ཚང་བཀའ་རྒྱ་བྱིན་མ་བཏུབ་པར་ ལུས་སོ་ཡི་ཟེར་ཨིན་པས།

གཡོག་ནང་ལས་ དགོངས་ཞུ་འབད་མི་དང་ ལཱ་གཡོག་སོར་མི་ དེ་ལས་ ཕྱི་རྒྱལ་ལས་ཕར་ ཤེས་ཡོན་སྦྱང་པར་འགྱོ་མི་ ལ་སོགས་པའི་ གནད་དོན་སྣ་ཚོགས་ལུ་བརྟེན་ རྒེད་འོག་༡༡ ལས་༤ ནང་ རྒེད་འོག་བདག་སྐྱོང་འགོ་དཔོན་མེད་པར་ བྱ་སྒོ་འཐབ་ཨིན་པས།

གལ་སྲིད་ རྫོང་ཁག་གིས་བཏོན་མི་ ཡིག་ཚང་བཀའ་རྒྱ་ལུ་ ཆ་གནས་མ་འབད་བ་ཅིན་ འབྲུག་ཞི་གཡོག་བཅའ་ཡིག་དང་འཁྲིལ་ ངོས་ལེན་འབད་ནི་སྦེ་ འཇིགས་སྐྲག་སྟོན་ཡོད་རུང་ ཞི་གཡོག་བཅའ་ཡིག་དང་འཁྲིལ་བ་ཅིན་ གོ་གནས་ཅིག་ནང་ ཉུང་ཤོས་ར་ ལོ་༣ ཕྱག་ཞུ་དགོཔ་སྦེ་འདུག་ཟེར་ཨིན་པས།

ཨིན་རུང་ རྫོང་ཁག་བདག་སྐྱོང་གིས་ དེ་ལུ་ ཆ་གནས་མེད་པར་ དེ་འཕྲོ་ལས་ འགྱོ་དགོཔ་སྦེ་ ཨིན་པ་ཅིན་ ཞི་གཡོག་བཅའ་ཡིག་ལས་ འགལཝ་མས་ཟེར་ རྒེད་འོག་བདག་སྐྱོང་འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།

བདག་སྐྱོང་འགོ་དཔོན་ཅིག་གིས་ ལོ་ངོ་༣༠ གི་རིང་ ཕྱག་ཞུ་བའི་ཤུལ་ལས་ དགུངས་ཞུའི་ཡི་གུ་བཙུགས་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཁོ་རའི་ཨ་ལོ་ལུ་ དམིངས་བསལ་གྱི་ གཅེས་སྐྱོང་འབད་དགོཔ་མ་ཚད་ འཕྲལ་འཕྲལ་ར་ སྨན་ཁང་ནང་ འགྱོ་དགོཔ་ལས་ ས་གནས་གསརཔ་ཅིག་ནང་ གནས་སོར་འགྱོ་བ་ཅིན་ དཀའ་ངལ་འབྱུང་ནི་མས་ཟེར་ རྫོང་ཁག་བདག་སྐྱོང་ལུ་ ཞུ་བ་འབད་རུང་ གདམ་ཁ་བྱིན་མ་བཏུབ་ཟེར་ཨིན་པས།

གལ་སྲིད་ ས་གནས་གཞུང་ལས་ཁུངས་ཀྱིས་ གནས་སོར་ཚུ་ སང་ཕོད་ལོ་འགོ་བཙུགསཔ་ད་ འགྱོ་དགོཔ་སྦེ་ བཀའ་རྒྱ་བཏོན་པ་ཅིན་ རྫོང་ཁག་གིས་ ཡིག་ཚང་བཀའ་རྒྱ་བཏོན་མི་དེ་ ཆ་མེད་འགྱོ་འོང་ཟེར་ཨིན་པས།

རྫོང་ཁག་བདག་སྐྱོང་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ དེ་སྦེ་ གནས་སོར་བཏང་མི་དེ་ཡང་ རྫོང་ཁག་ནང་ ལེགས་བསྒྱུར་འབད་བའི་ ཆ་ཤས་ཅིག་ཨིན་མི་དེ་ཡང་ ས་གནས་གཞུང་གི་ ལྕོགས་གྲུབ་དང་ འཇོན་ཐངས་ཅན་བཟོ་ཐོག་ལས་ རྒེད་འོག་ཚུ་ འདྲ་མཉམ་སྦེ་ གོང་འཕེལ་གཏང་ནིའི་ ལྷན་ཐབས་ལུ་ཨིན་ཟེར་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *