༉ རྫོང་ཁག་བདག་སྐྱོང་ཚུ་གིས་ རྫོང་ཁག་གོང་འཕེལ་གནང་བྱིན་མ་དངུལ་ཚུ་ ལམ་སྟོན་དང་འཁྲིལ་ ལག་ལེན་མ་འཐབ་པའི་ མངོན་གསལ་བྱུང་ནུག།
དེ་འབདཝ་ལས་ ས་གནས་གཞུང་གིས་ རྫོང་ཁག་གོང་འཕེལ་གནང་བྱིན་མ་དངུལ་ཚུ་ ཚུལ་ལྡན་སྦེ་ ལག་ལེན་འཐབ་བཅུག་དགོ་པའི་སྐོར་ རྒྱལ་ཡོངས་ཚོགས་སྡེ་གིས་ ལྷན་རྒྱས་གཞུང་ཚོགས་ལུ་ ཡིག་ཐོག་ལུ་ ཞུ་བ་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ གནང་བྱིན་མ་དངུལ་ཚུ་ ལཱ་གཡོག་བཟོ་ནི་དང་ འབབ་ཁུངས་ཐོན་སྐྱེད་འབད་བའི་ ལས་སྣ་ཚུ་ནང་ ལག་ལེན་འཐབ་ཡོད་མེད་ བསྐྱར་ཞིབ་འབད་བའི་སྐབས་ ལམ་སྟོན་དང་འཁྲིལ་ ལག་ལེན་མ་འཐབ་པའི་ ཤེས་རྟོགས་བྱུང་ནུག།
ཚོགས་ཆུང་གིས་ བསྐྱར་ཞིབ་འབདཝ་ད་ ས་གནས་གཞུང་གི་ འཐུས་མི་ཚུ་ལུ་ རྫོང་ཁག་གོང་འཕེལ་གནང་བྱིན་མ་དངུལ་གྱི་ དམིགས་དོན་དང་ ལམ་སྟོན་གྱི་སྐོར་ལས་ ཤེས་རྟོགས་མེད་པའི་ཁར་ མ་དངུལ་ལག་ལེན་ནང་ འགན་འཁྲི་ཚུལ་ལྡན་མ་འབག་པའི་ མངོན་གསལ་བྱུང་ནུག།
མ་གཞི་ གནང་བྱིན་མ་དངུལ་གྱི་ ལས་སྣ་ཚུ་ རྫོང་ཁག་ཚོགས་འདུ་གིས་ ཆ་འཇོག་འབད་དགོཔ་ཨིན་རུང་ ལམ་སྟོན་དང་འཁྲིལ་ བསྟར་སྤྱོད་མ་འབད་བའི་ཁར་ རྫོང་ཁག་བདག་སྐྱོང་གིས་འབད་རུང་ རྫོང་ཁག་ཚོགས་འདུའི་ འཐུས་མི་ཚུ་དང་གཅིག་ཁར་ གྲོས་བསྟུན་ཡང་ མ་འབད་བའི་བས་ཟེར་ སྙན་ཞུ་ནང་བཀོད་ནུག།
ལམ་སྟོན་དང་འཁྲིལཝ་ད་ རྫོང་ཁག་གོང་འཕེལ་གནང་བྱིན་འོག་ལུ་ གྲོས་འཆར་བཀོད་པའི་ ལས་སྣ་ཚུ་ གནང་བ་ཞུ་ནིའི་དོན་ལུ་ རྫོང་ཁག་བདག་སྐྱོང་གིས་ རྫོང་ཁག་ཚོགས་འདུ་ལུ་ ཕུལ་དགོཔ་ད་ རྫོང་ཁག་ཚོགས་འདུ་ནང་ལས་ གནང་བ་གྲུབ་པའི་ཤུལ་ལས་ ལས་དོན་ཚུ་ རྫོང་ཁག་བདག་སྐྱོང་གིས་ ལག་ལེན་འཐབ་དགོཔ་ཨིན་པས།
བསྐྱར་ཞིབ་ཚོགས་ཁང་གིས་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་མི་ ཡི་གུ་དང་འཁྲིལཝ་ད་ ས་གནས་གཞུང་གིས་ རྫོང་ཁག་གོང་འཕེལ་གནང་བྱིན་མ་དངུལ་འོག་ལུ་ ལས་སྣ་ག་ར་ ལམ་སྟོན་དང་འཁྲིལ་ ལག་ལེན་འཐབ་དགོ་པའི་ཁར་ དངུལ་རྩིས་ལྷན་ཁག་གིས་འབད་རུང་ ལས་སྣ་ཚུ་ཡང་ ཆ་འཇོག་གྲུབ་པའི་ཤུལ་ལས་མ་གཏོགས་ གནང་བྱིན་ཚུ་ བགོ་བཀྲམ་འབད་ནི་མི་འོང་ཟེར་ཨིན་པས།
དེ་མ་ཚད་ ལས་སྣ་ཚུ་ཡང་ དཔལ་འབྱོར་ཡར་དྲག་གཏང་ནི་དང་ མི་སྡེའི་ནང་ ལཱ་གཡོག་གི་ གོ་སྐབས་བཟོ་ནིའི་ དམིགས་ཡུལ་ཚུ་ འགྲུབ་ཐབས་ལུ་ གཞུང་གིས་ གཙོ་རིམ་བཟུང་ནི་གི་ ཁས་ལེན་འབད་དགོ་ཟེར་ ཡི་གུའི་ནང་བཀོད་ནུག། ས་གནས་གཞུང་ལུ་ དངུལ་འབྲེལ་གྱི་ དབང་ཚད་བྱིན་ནིའི་དོན་ལུ་ རྩིས་ལོ་༢༠༡༦-༡༧ ལུ་ རྫོང་ཁག་ཚུ་གིས་ གནང་བྱིན་མ་དངུལ་ས་ཡ་༧ དེ་རེ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ཚོགས་ཆུང་གི་ཁྲི་འཛིན་ མཐར་ཕྱིན་གྱིས་ སླབ་མིའི་ནང་ རྫོང་ཁག་བདག་སྐྱོང་དང་ རྫོང་ཁག་ཚོགས་འདུའི་ འཐུས་མི་ཚུ་ལུ་ གནང་བྱིན་མ་དངུལ་གྱི་ ལམ་སྟོན་སྐོར་ལས་ གོ་བ་བརྡ་སྤྲོད་ལེགས་ཤོམ་མ་འབད་མི་ལུ་བརྟེན་ ལམ་ལུགས་འཁྲིལ་ཏེ་ ལག་ལེན་མ་འཐབ་པས་ཟེར་ཨིནམ་ད་ ས་གནས་གཞུང་གི་འཐུས་མི་ ལ་ལོ་ཅིག་གིས་ ལམ་སྟོན་སྐོར་ལས་ ཤེས་རྟོགས་མེདཔ་ལས་ དབང་ཚད་ཕྱིར་སྤེལ་བསྟར་སྤྱོད་འབད་མ་ཚུགས་པའི་ རྟགས་མཚན་ཅིག་ཨིན་མས་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གནང་བྱིན་མ་དངུལ་དེ་ཡང་ དཔལ་འབྱོར་ལས་སྣ་ཚུ་ལུ་ ལག་ལེན་འཐབ་ཐོག་ལས་ མི་སྡེའི་ནང་ འབབ་ཁུངས་དང་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ལུ་ ལག་ལེན་འཐབ་དགོཔ་ཨིན་རུང་ མ་དངུལ་མང་ཤོས་ར་ དཔལ་འབྱོར་མེན་པའི་ ལས་སྣ་ཚུ་ནང་ ལག་ལེན་འཐབ་ནུག་ཟེར་ཨིན་པས།
དཔལ་འབྱོར་མེན་པའི་ ལས་སྣ་ཚུ་ཡང་ གོ་བརྡའི་ལས་རིམ་དང་ སྦྱོང་བརྡར་ དེ་ལས་ ཆུ་ཁ་རྫོང་ཁག་གི་ སློབ་གྲྭ་༣ གྱིས་ ཕར་གཟུགས་སྟོན་འཕྲུལ་ཚུ་ མཁོ་སྒྲུབ་འབད་ཡོདཔ་ལས་ བསྐྱར་ཞིབ་ཚོགས་ཁང་དེ་ ཚ་གྱང་ལང་དགོ་པའི་ གཞི་གནས་ལུ་ གྱུར་ཡོད་ཟེར་ཨིནམ་ད་ གནང་བྱིན་ཚུ་ ལམ་སྟོན་དང་འཁྲིལ་ཏེ་ ལག་ལེན་འཐབ་ནིའི་དོན་ལུ་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་གིས་ འཕྲལ་མགྱོགས་ར་ གཙུག་སྡེ་ཅིག་ གཞི་བཙུགས་འབད་ནི་གི་ རེ་བ་ཡོད་ཟེར་ མཐར་ཕྱིན་གྱིས་ བཤད་ཅི།
ཚོགས་སྡེ་གིས་ རྫོང་ཁག་གོང་འཕེལ་གནང་བྱིན་མ་དངུལ་ལས་ བརྒྱ་ཆ་༡༧.༦ རྐྱངམ་གཅིག་ དཔལ་འབྱོར་དང་འབྲེལ་བའི་ ལས་སྣ་ཚུ་ནང་ བགོ་བཀྲམ་འབད་ཡོདཔ་ད་ བརྒྱ་ཆ་༨༢.༤༡ དེ་ཅིག་ དཔལ་འབྱོར་མེན་པའི་ ལས་སྣ་ཚུ་ནང་ བགོ་བཀྲམ་འབད་ནུག་ཟེར་ཨིན་པས།
ལམ་སྟོན་གྱི་ རྩ་ཚན་༢ པའི་དོན་ཚན་༣ པ་དང་འཁྲིལཝ་ད་ གནང་བྱིན་དེ་ དཔལ་འབྱོར་བཙན་ཐབས་ལུ་ ཕན་ཐོགས་ཡོད་མི་དང་ ལཱ་གཡོག་གི་ གོ་སྐབས་བཏོན་ནི་ དེ་ལས་ ས་གནས་གཞུང་ ཡང་ཅིན་ མི་སྡེ་ཚུ་ལུ་ འབབ་ཁུངས་དང་ ཁེ་ཕན་ཡོད་པའི་ལས་དོན་གཅིག་ ཡང་ཅིན་ གཅིག་ལས་ལྷག་མི་ཚུ་གི་ ཟད་འགྲོའི་དོན་ལུ་ སྤྱོད་དགོ་ཟེར་ཨིན་པས།
ཚོགས་སྡེའི་བསྐྱར་ཞིབ་ སྙན་ཞུ་དང་འཁྲིལཝ་ད་ ཆུ་ཁ་དང་ སྤ་རོ་ བསམ་རྩེ་ རྩི་རང་ དར་དཀར་ནང་ དབང་འདུས་ཕོ་བྲང་ གཞལམ་སྒང་ ཀྲོང་གསར་ བཀྲིས་སྒང་འབདཝ་ད་ རྫོང་ཁག་༡༦ གིས་ ལམ་སྟོན་དང་འཁྲིལ་ཏེ་ ལྟ་རྟོག་དང་ བརྟག་ཞིབ་ཚོགས་ཆུང་ གཞི་བཙུགས་མ་འབད་བས་ཟེར་ཨིནམ་ད་ ཚོགས་ཆུང་གིས་ ལཱ་གི་ སྤུས་ཚད་དང་ བྱ་རིམ་ཚུ་ ལྟ་རྟོག་འབད་ནི་ཨིན་པས།
རྫོང་ཁག་བདག་སྐྱོང་དང་ བཙག་འཐུ་ལས་གྲུབ་མི་ ས་གནས་གཞུང་གི་ འཐུས་མི་ཚུ་གིས་ རྫོང་ཁག་གོང་འཕེལ་གནང་བྱིན་གྱི་ ལས་དོན་ཚུ་ལུ་ བརྟག་ཞིབ་དང་ རྒྱུ་དངོས་ཐོ་བཀོད་ཀྱི་ལམ་ལུགས་ ཚུལ་མཐུན་གཞི་བཙུགས་འབད་དེ་ བརྡ་དོན་ཚུ་ མི་མང་གིས་ ཤེས་ཚུགསཔ་བཟོ་དགོ་ཟེར་ ལམ་སྟོན་ནང་བཀོད་ནུག།
དེ་ལས་ ཆུ་ཁ་དང་ ཧཱ་ སྤ་རོ་ བསམ་རྩེ་ རྩི་རང་ དར་དཀར་ནང་ དེ་ལས་ དབང་འདུས་ཕོ་བྲང་བརྩིས་ཏེ་ རྫོང་ཁག་༧ གྱིས་ གནང་བྱིན་གྱི་ ལས་སྣ་ཚུ་ རྫོང་ཁག་ཚོགས་འདུ་གིས་ ངོས་ལེན་མ་འབད་བར་ ཆ་འཇོག་གྲུབ་ནུག་ཟེར་ བསྐྱར་ཞིབ་སྙན་ཞུ་ནང་བཀོད་ནུག།
ཨིན་རུང་ རྫོང་བདག་ཚུ་གིས་འབད་བ་ཅིན་ ལམ་སྟོན་ཚུ་གི་སྐོར་ལས་ ཤེས་རྟོགས་ཡོདཔ་བཞིན་དུ་ གནང་བྱིན་་མ་དངུལ་ཚུ་ཡང་ ལམ་ལུགས་དང་འཁྲིལ་ཏེ་ར་ ལག་ལེན་འཐབ་དོ་ཟེར་ཨིན་པས།
ཐིམ་ཕུག་རྫོང་བདག་ ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ གནང་བྱིན་མ་དངུལ་ཚུ་ཡང་ ཆུ་གཡུར་རྐྱབ་ནི་དང་ འཐུང་ཆུ་བཏོན་ནིའི་དོན་ལུ་ བགོ་བཀྲམ་འབད་དེ་ཡོདཔ་མ་ཚད་ མ་དངུལ་ཚུ་ཡང་ ལམ་སྟོན་དང་འཁྲིལ་ ལག་ལེན་འཐབ་བཞིན་དུ་ཡོད་ཟེར་ཨིན་པས།
སྤ་རོའི་རྫོང་བདག་ བསྟན་འཛིན་འཕྲིན་ལས་ཀྱིས་འབད་བ་ཅིན་ མ་དངུལ་མང་ཤོས་ར་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་པའི་ ལས་སྣ་ཚུ་ལུ་ ལག་ལེན་འཐབ་དོ་ཡོདཔ་ད་ ཚོགས་ཆུང་ཡང་ གཞི་བཙུགས་འབད་དེ་ཡོད་ཟེར་ཨིན་པས།
པདྨ་དགའ་ཚལ་ བདེ་ཆེན་གླིང་གི་རྒཔོ་ བསོན་ནམས་རིན་ཆེན་གྱིས་ ལམ་སྟོན་དེ་ ལག་ལེན་འཐབ་མ་ཚུགས་པར་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།