ས་རུད་ཀྱིས་ མཁོ་ཐག་པ ཕྲང་ལམ་དེ་ རྩ་བ་ལས་ར་ འཕྱགས་བདའ་ཡོད་པའི་མཐོང་སྣང་།

རྫོང་ཁག་གསུམ་གྱི་ གཞུང་ལམ་ཚུ་ བསུབས་ཡོདཔ།

༉ འདས་པའི་ཉིནམ་དག་པ་ཅིག་གི་རིང་ ཆརཔ་མ་ཆད་པར་ རྐྱབ་ནི་དེ་གིས་ ཁ་ཙ་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གཞུང་ལམ་བདའ་སྟེ་ ས་ཁོངས་མང་རབས་ཅིག་ནང་ འཁོར་ལམ་བསུབས་ཡོདཔ་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ནི་ བཀག་འཛིན་འབདནུག།

ཨིན་རུང་ ད་རིས་ ཆརཔ་ཆད་པ་ཅིན་ འཁོར་ལམ་བསུབས་མི་ཚུ་ སེལ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

ཌཱན་ཊཱག་ལས་འགུལ་དང་ ལམ་སེལ་ལས་ཁུངས་ཀྱིས་ གཞུང་ལམ་དེ་ བསལ་ཞིནམ་ལས་ སྣུམ་འཁོར་རྒྱུན་འགྲུལ་གྱི་དོན་ལུ་ སྒོ་ཕྱེ་ནིའི་ དཔའ་བཅམ་ཡོད་རུང་ ཆརཔ་མ་ཆད་པར་ རྐྱབ་མི་དང་ གནམ་གཤིས་གནས་སྟངས་ལེགས་ཤོམ་མེད་མི་ལུ་བརྟེན་ བསལ་མ་ཚུགསཔ་ཨིན་པས།

བསམ་གྲུབ་ལྗོངས་མཁར་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་ ཀུན་བཟང་དབང་ཕྱུག་གིས་ སླབ་མིའི་ནང་ གཞུང་ལམ་བདའ་སྟེ་ ས་ཁོངས་ལེ་ཤ་ཅིག་ནང་ འཁོར་ལམ་བསུབས་ཡོདཔ་བཞིན་དུ་ ཀི་ལོ་མི་ཊར་༢༢ དང་༣༩ དེ་ལས་ ༧༥/༧༧ དང་༨༣ གྱི་ ས་ཁོངས་༥ དེ་ཅིག་ནང་ འཁོར་ལམ་སྦོམ་སྦེ་ར་ བསུབས་ནུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཌཱན་ཊཱག་དང་ ལམ་སེལ་ལས་ཁུངས་ཀྱིས་ འཁོལ་ལམ་དུམ་གྲ་རེ་ བསུབས་ཡོད་མི་ཚུ་ བསལ་ཡོད་རུང་ ཆརཔ་མ་ཆད་པར་ རྐྱབ་མི་དང་ འཁོར་ལམ་གྱི་ལྟག་ལས་ རྡོ་མ་ཆད་པར་ འབུད་དོ་ཡོད་མི་ལུ་བརྟེན་ བསལ་མ་ཚུགས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འཁོར་ལམ་སེལ་ནིའི་ལཱ་ཚུ་ འབད་དོ་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ཆརཔ་འཕྲོ་མཐུད་རྐྱབ་པ་ཅིན་ གནས་སྟངས་དེ་ སྐྱོ་དྲགས་ཐལ་འོང་ཟེར་ བཤདཔ་ཨིན་པས།

དེ་བཟུམ་སྦེ་ པདྨ་དགའ་ཚལ་དང་ ངང་ལམ་གྱི་ གཞུང་ལམ་ཡང་ ས་ཁོངས་ལེ་ཤ་ཅིག་ནང་ བསུབས་ཡོདཔ་བཞིན་དུ་ ཚལ་གླིང་སྒོར་དང་ མཁོ་ཐག་པའི་ ཕྲང་ལམ་དེ་ཡང་ ས་རུད་ཀྱིས་ རྩ་བ་ལས་ འཕྱགས་བདའ་ཡོདཔ་ཨིན་པས།

བཟོ་རིག་གཙོ་འཛིན་གྱིས་ སླབ་མིའི་ནང་ འཁོར་ལམ་སེལ་ནིའི་དོན་ལུ་ པདྨ་དགའ་ཚལ་ རྒྱལ་ཁམས་ས་གཏེར་ལས་འཛིན་ལས་ འཕྲུལ་ཆས་ཀྱི་ རྒྱབ་སྐྱོར་ལེན་ནིའི་ དཔའ་བཅམ་དོ་ཡོདཔ་ལས་ ས་གཏེར་ལས་འཛིན་གྱིས་ཡང་ རྒྱབ་སྐྱོར་འབད་ནིའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁ་ཙ་ འགོ་དཔོན་དང་ ལས་བྱེདཔ་ཚུ་གིས་ པདྨ་དགའ་ཚལ་ ངང་ལམ་བཙན་ཀ་རི་ལུ་ གཞུང་ལམ་གྱི་ ཉེ་འདབས་ལུ་ཡོད་མི་ ཚོང་ཁང་དང་མི་ཚུ་ ཆུ་རུད་ལས་ ཉེན་སྐྱོབ་འབད་ཡོད་རུང་ འཁོར་ལམ་དེ་ རྒྱུན་འགྲུལ་བཀག་འཛིན་འབད་ཡི་ཟེར་ཨིན་པས།

རྒྱུན་འགྲུལ་འཐབ་མི་ཚུ་གིས་ སླབ་མིའི་ནང་ མི་ཚུ་གི་ མཐའ་དོན་ལུ་ བལྟ་ཞིནམ་ལས་ ཌཱན་ཊཱག་ལས་འགུལ་གྱིས་ ཕྱི་རུའི་ཆུ་ཚོད་༥ འབྱིད་རུང་ འཁོར་ལམ་སེལ་བ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིནམ་ད་ ད་ལྟོ་ ཕྱི་རུའི་ཆུ་ཚོད་༥ ལས་ འཁོར་ལམ་མི་སེལ་བས་ཟེར་ཨིན་པས།

ཌཱན་ཊཱག་འགོ་དཔོན་ཚུ་གིས་ འཁོར་ལམ་སེལ་ནིའི་ ལཱ་འབད་དོ་ཡོད་རུང་ ས་སྨུག་སྤུབས་ཏེ་ གནམ་གཤིས་གནས་སྟངས་ལེགས་ཤོམ་མེད་མི་དེ་གིས་ གནོདཔ་མས་ཟེར་ བཤད་པའི་ཁར་ ས་ཁོངས་དེ་ཚུ་ ས་རུད་ཆད་ཉེན་ཡོདཔ་ལས་ ལས་མི་ཚུ་གིས་ ཉེན་སྲུང་བལྟ་དགོཔ་དེ་ཡང་ ཁག་ཆེ་བས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *