རྫོང་ཁ་ཡར་རྒྱས་མེན་པར་མར་ཉམས?

༉ འབྲུག་རྒྱལ་ཁབ་ཀྱི་ ངོ་རྟགས་དང་ རང་བཙན་གྱི་དོན་ལུ་ ཁག་ཆེ་དྲགས་ཅིག་ཨིན་མི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་མར་ཉམས་འགྱོ་བའི་སྐོར་ བསྐྱར་ཞིབ་ཚོགས་ཁང་ རྒྱལ་ཡོངས་ཚོགས་སྡེ་ནང་ གསུང་གྲོས་གནང་མི་དེ་ གཞུང་གི་ཧོངས་ལས་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བཟུང་དགོ་པའི་ དྲན་གསལ་ཅིག་ཨིན་མས།

དེ་ཡང་ ལོ་ལྔའི་འཆར་གཞི་༡༣ པ་དེ་ ཟིན་འགོད་འབད་བའི་བསྒང་ཡོདཔ་ལས་ གཞུང་གིས་ རྒྱལ་ཡོངས་སྐད་ཡིག་དེ་ ཉམས་སྲུང་དང་ གོང་འཕེལ་གཏང་ནིའི་དོན་ལུ་ འཆར་གཞི་ནང་ གསལ་བཀོད་འབད་དགོཔ་ ཁག་ཆེ་བའི་ཁར་ དེ་གི་སྐོར་ལས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་དང་ མི་མང་གིས་ ཤེས་རྟོགས་འབྱུང་ནི་དེ་ཡང་ གལ་ཆེ་མི་ལུ་བརྟེན་ཨིན་མས།

མ་གཞི་ རྫོང་ཁ་སླབ་ཐངས་ཀྱི་ཐད་ལུ་ གོང་འཕེལ་སོང་ཡོདཔ་ལས་ དཀའ་ངལ་མེད་རུང་ ད་རེས་ནངས་པར་ གདོང་ལེན་སྦོམ་ཤོས་ར་ འབྲི་ལྷག་ནང་ཡོད་མི་དེ་ཡང་ ཨ་ལོ་ཚུ་ལས་འགོ་བཙུགས་ ན་ལོན་ཚུན་ཚོད་ མང་ཤོས་ཀྱིས་ར་ རྫོང་ཁའི་སློབ་དེབ་དང་ དཔེ་དེབ་ གསར་ཤོག་ཚུ་ ལྷབ་ནི་དང་ ལྷག་ནི་གི་ སྤྲོ་བ་མ་བསྐྱེད་ནི་དེ་གིས་ རྒྱལ་ཡོངས་སྐད་ཡིག་མར་ཉམས་འགྱོ་དོ་བཟུམ་མའི་ མཐོང་སྣང་བྱུངམ་ཨིན་མས།

དེ་སྦེ་ སྤྲོ་བ་མ་བསྐྱེད་མི་དེ་ཡང་ སློབ་གྲྭ་ཚུ་ནང་སྟོན་མི་ སློབ་དེབ་ཀྱི་ གནས་ཚད་མཐོ་དྲགས་ཡོདཔ་ལས་ ཨ་ལོ་ཚུ་གིས་ གོ་བ་ལེན་མ་ཚུགས་པའི་ཁར་ རྫོང་ཁའི་དཔེ་དེབ་གཞན་ཚུ་ཡང་ ཆོས་སྐད་དང་སླ་བསྲེས་ཏེ་ བྲིས་རྩོམ་འབད་མི་ལུ་བརྟེན་ ལྷག་མི་མེད་པར་ ཀི་དེབ་ཚུ་ སྟེགས་གུ་ར་ ལུསཔ་ཨིན་མས།

དེ་འབདཝ་ལས་ སྤྱི་ལོ་༢༠༢༡ གི་ སློབ་གྲྭའི་བཀོད་ཚོགས་ཆོས་རྒྱུགས་ནང་ སློབ་རིམ་༡༠ པ་དང་༡༢ པའི་ནང་ སློབ་ཕྲུག་སྟོང་ཕྲག་སྦེ་ མཐར་འཁྱོལ་མ་བྱུང་མི་དེ་ རྫོང་ཁའི་ཆོས་ཚན་ལུ་བརྟེན་ཨིན་མས། 

རྫོང་ཁག་བྲིས་ལྷག་ནང་ སྐྱོ་དྲགས་ཡོད་མི་དེ་ཡང་ སློབ་གྲྭ་ཚུ་ནང་ ཉིནམ་རེ་ལུ་ རྫོང་ཁའི་ཆོས་ཚན་ཚར་རེ་ལས་བརྒལ་ སློབ་སྟོན་འབད་ནི་མེད་རུང་ ཆོས་ཚན་གཞན་ཚུ་ག་ར་ ཨིང་སྐད་ཐོག་ལུ་ སློབ་སྟོན་འབད་ནི་དེ་གིས་ཨིན་མས།

རྫོང་ཁ་གོང་འཕེལ་གཏང་དགོ་པ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ ཞུ་དོ་བཟུམ་ སློབ་གྲྭ་ཚུ་ནང་ རྒྱལ་རབས་དང་ ཆོས་ཚན་གཞན་ཚུ་ རྫོང་ཁ་ཐོག་ལུ སློབ་སྟོན་འབད་དགོཔ་བཞིན་དུ་ འདི་དང་གཅིག་ཁར་ སློབ་གྲྭ་ཚུ་གིས་ སློབ་ཕྲུག་ནང་འཁོད་ལུ་ འབྲི་ལྷག་གི་ འགྲན་བསྡུར་དང་ གསལ་བཤད་ལས་རིམ་ཚུ་ དུས་རྒྱུན་དུ་ འགོ་འདྲེན་འཐབ་དགོཔ་འདུག།

རྒྱལ་ཡོངས་སྐད་ཡིག་མི་ཉམས་གོང་འཕེལ་དང་ དར་ཁྱབ་གཏང་མི་ རྫོང་ཁ་གོང་འཕེལ་ལྷན་ཚོགས་གཞི་བཙུགས་འབད་ཡོདཔ་བཞིན་དུ་ ཨ་ལོ་དང་ སྤྱིར་བཏང་གི་ ཕན་ཐབས་ལུ་ ཚིག་མཛོད་ལས་འགོ་བཟུང་ གནས་རིམ་སོ་སོའི་ དཔེ་དེབ་འདྲ་མ་འདྲཝ་ལེ་ཤ་པར་སྐྲུན་འབད་ཡོད་རུང་ འདི་གིས་ ཁྱད་པར་སྦོམ་ཅིག་ བཟོ་མ་ཚུགས་མི་དེ་ཡང་ སློབ་གྲྭ་ཚུ་ནང་ རྫོང་ཁའི་རྩ་གཞུང་ཚུ་ ལེགས་བསྒྱུར་དང་ འཇམ་སམ་བཟོ་ནིའི་ནང་ ལྷན་ཐབས་རྒྱ་ཆེཝ་སྦེ་ འབད་མ་ཚུགས་པའི་ཁར་ རྫོང་ཁའི་མིང་ཚིག་གསརཔ་དང་ ཡིག་སྡེབ་ཚུ་གི་སྐོར་ལས་ དུས་དང་དུས་སུ་ གྲོས་བསྡུར་འགོ་འདྲེན་འཐབ་ནི་གི་ མ་དངུལ་མེད་མི་ལུ་བརྟེན་ཨིན་མས།

དེ་གི་ནང་དོན་ཉིད་ལས་ སྲིད་དོན་པ་ལས་འགོ་བཙུགས་ སྤྱི་གཡོགཔ་ཚུ་དང་ ཐ་ན་ ཨ་ལོའི་ཕམ་ཚུ་གིས་ རྫོང་ཁ་ལུ་ དག་སྣང་མ་བསྐྱེད་པར་ ཕྱི་སྐད་ཨིང་ལིཤ་ལུ་ གཙོ་རིམ་བཟུང་ནི་དེ་གིས་ རྫོང་ཁ་འབྲི་ལྷག་གི་ གནས་སྟངས་དེ་ ལོ་གཅིག་བ་ལོ་གཅིག་ མར་ཉམས་འགྱོཝ་ཨིན་མས།

བརྡ་བརྒྱུད་ཀྱི་ ཁ་ཐུག་ལས་འབད་རུང་ གསར་ཤོག་དང་ རྒྱང་བསྒྲགས་ཀྱི་ཐོག་ལས་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབད་ཡོད་རུང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་བཟུམ་སྦེ་ མངོན་གསལ་ཆེ་བའི་ ལེགས་ཐོན་གྲུབ་འབྲས་ཅིག་ བཏོན་མ་ཚུགས།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་འབད་རུང་ རྫོང་ཁ་འབྲི་ལྷག་ཡར་རྒྱས་ཀྱི་དོན་ལུ་ ཀི་དེབ་འབྲི་རྩོམ་རྐྱངམ་གཅིག་ལུ་ ཤུགས་བཏོན་ནི་མེན་པར་ ད་ལྟོ་ཡོད་མིའི་ དཀའ་ངལ་ཚུ་ ངོས་འཛིན་འབད་དེ་ འབྲེལ་ཡོད་རྫོང་ཁ་ལག་ལེན་པ་ དཔེར་ན་ སློབ་གྲྭའི་རྫོང་སློབ་དང་ རྩ་གཞུང་གི་མཁས་མཆོག་ ཁྲིམས་སྡེའི་རྩོད་དྲུང་ དེ་ལས་ བརྡ་བརྒྱུདཔ་ཚུ་དང་ གོ་བསྡུར་ཞལ་འཛོམས་ དུས་རྒྱུན་དུ་ འགོ་འདྲེན་འཐབ་ཐོག་ལས་ མི་མང་ལུ་ ཁྱབ་སྤེལ་འབད་དགོཔ་བཞིན་དུ་ གཞུང་གི་ཧོངས་ལས་འབད་རུང་ འོས་འབབ་དང་བསྟུན་ མ་དངུལ་གྱི་ རྒྱབ་སྐྱོར་གང་དྲག་གནང་དགོ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *