༉ འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱིས་ མི་མང་ཡོངས་ལུ་ ཁྱབ་བསྒྲགས་འབད་མི་དང་འཁྲིལཝ་ད་ ཆུམ་དང་ འདབ་མ་ཀོ་པི་ གུ་རམ་ དེ་ལས་ སྒོང་རྡོག་ཚུ་ གྱིབ་ཤོག་གིས་བཟོ་ཡོད་པའི་ དོགས་པ་ཡོད་པ་ཅིན་ དཔེ་ཚད་དང་སྦྲགས་ཏེ་ ཉེ་འདབས་ཀྱི་ དབང་འཛིན་ཡིག་ཚང་ཚུ་ནང་ སྙན་ཞུ་འབད་གནང་ཟེར་ཨིན་པས།
དབང་འཛིན་གྱི་ གཙོ་འཛིན་འགོ་དཔོན་འོགམ་ སྲིད་ཐར་རྡོ་རྗེ་གིས་ སླབ་མིའི་ནང་ མི་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ སྙན་ཞུ་འབད་བ་ཅིན་ དབང་འཛིན་གྱི་ཁ་ཐུག་ལས་ བརྟག་དཔྱད་འབད་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ གྱིབ་ཤོག་གིས་བཟོ་མི་ ཆུམ་དང་ འདབ་མ་ཀོ་པི་ གུ་རམ་ དེ་ལས་ སྒོང་རྡོག་ཚུ་གི་ དུས་ཐུང་གློག་བརྙན་ཚུ་ མི་སྡེ་བརྡ་བརྒྱུད་ནང་ དར་ཁྱབ་སོང་ནི་དེ་གིས་ཨིན་པས།
སྲིད་ཐར་རྡོ་རྗེ་གིས་འབད་བ་ཅིན་ ད་ཚུན་ བཟའ་སྤྱོད་ཚུ་ གྱིབ་ཤོག་གིས་བཟོ་ཡོད་པའི་ ཉོགས་བཤད་ཚུ་ མ་ལྷོད་ཟེར་ཨིནམ་ད་ གྱོབ་ཤོག་གིས་བཟོ་མི་ འདབ་མ་ཀོ་པིའི་ དུས་མཐུན་གློག་བརྙན་དེ་ འབྲུག་མི་ཅིག་གིས་ བཟོ་ཡོདཔ་བཞིན་དུ་ ཆུམ་གྱི་གློག་བརྙན་དེ་ ཇའི་སྒང་གི་ས་ཁོངས་ནང་ བཟོ་ཡོདཔ་བཟུམ་ཅིག་ མཐོང་ཡི་ཟེར་ཨིན་པས།
གློག་བརྙན་དེ་ དགོད་བྲོ་སྦེ་ བཟོ་བཟོཝ་ཨིན་ན་དང་ ཡང་ཅིན་ རྒྱལ་ཁབ་ནང་ ཐོན་ཡོདཔ་ཨིན་ན་ ད་ལྟོ་ སླབ་མ་ཚུགས་རུང་ གྱིབ་ཤོག་གིས་བཟོ་མི་ ཀོ་པི་དང་ སྒོང་རྡོག་དེ་ བཟའ་བའི་སྐབས་ མི་ཚུ་གིས་ ཤེས་ཚུགས་ཟེར་ཨིན་པས།
ཆུམ་དང་ གུ་རམ་ནང་ གྱིབ་ཀྱིས་བཟོ་མི་ ཆུམ་ལེ་ཤ་སྦེ་ སླ་བསྲེས་མ་རྐྱབ་རུང་ བརྒྱ་ཆ་༡༠ དང་༢༠ དེ་ཅིག་ རྐྱབ་ནིའི་འོས་འབབ་ མཐོངམ་མས་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ཡོད་རུང་ བརྟག་དཔྱད་འབད་ནི་དེ་ འཇམ་ཏོག་ཏོ་ཅིག་ཨིན་པས།
དབང་འཛིན་གྱིས་ གྱིབ་ཤོག་གིས་བཟོ་མི་ བཟའ་སྤྱོད་ཚུ་ ཚོང་འབྲེལ་འཐབ་ནི་ལས་ བཀག་ཐབས་འབད་ནི་ལུ་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།