༉ མགར་ས་ལས་ རྫས་སྦྱོར་མ་བླུགས་པའི་ ཚོད་བསྲེའི་ཐོན་སྐྱེད་འབད་མི་ཚུ་གིས་ ཐིམ་ཕུག་ལུ་ཡོད་མི་ ཟ་ཁང་སྦོམ་ཚུ་ལུ་ ལོ་ངོ་དང་པའི་ནང་ ཁོང་རའི་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་མ་ཚུགས་པའི་ གདོང་ལེན་བྱུང་ཡོདཔ་ཨིན་པས།
སྤྱི་ཟླ་༢ པའི་ཚེས་༡༥ ལུ་ ཚོང་འབྲེལ་པ་དང་ ཉོ་མི་ཚུ་ཕྱད་པའི་སྐབས་ ཚོད་བསྲེའི་ལཱ་འབད་མི་ཚུ་གིས་ སྐྱེལ་འདྲེན་འབད་ནིའི་ནང་ གདོང་ལེན་བྱུང་ཡོད་མི་དང་ སོ་ནམ་པ་ཚུ་གིས་ ཐོན་སྐྱེད་ཚུ་ ལེགས་ཤོམ་སྦེ་ སྒམ་མ་རྐྱབ་པའི་སྐོར་ལས་ གནད་དོན་ཚུ་ཐོན་ཡི།
མགར་ས་རྫོང་ཁག་གི་ སོ་ནམ་འགོ་དཔོན་ལས་རོགསཔ་ ཆོས་སྐྱིད་དབང་ཕྱུག་གིས་ བཤད་མིའི་ནང་ ན་ཧིང་ སྤྱི་ཟླ་༢ པའི་ནང་ ཉོ་མི་དང་ བཙོང་མི་ཚུའི་བར་ན་ གན་ཡིག་བཟོ་ཡོད་མིའི་བར་ན་ ཁྱད་པར་ཆགས་ཏེ་ སྡོད་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཀེ་བ་ཀེ་ཇི་༤༠,༠༠༠ ཐོན་སྐྱེད་འབད་རུང་ ཟ་ཁང་ལག་ལེན་འཐབ་མི་ཚུ་གིས་ ཀེ་ཇི་༩,༠༠༠ དེ་ཅིག་ལས་ ཉོ་མ་ཚུགས་པའི་ཁར་ ལ་ཕུག་དམརཔོ་ཡང་ ཀེ་ཇི་༥,༧༠༠ ཐོན་སྐྱེད་འབད་རུང་ ཀེ་ཇི་༢,༧༥༠ དེ་ཅིག་ལས་ བཙོང་མ་ཚུགས་པའི་ཁར་ སྐྱ་སྒོགཔ་ཡང་ ཀེ་ཇི་༢,༧༠༠ དེ་ཅིག་ འབག་འོང་ས་ལས་ ཀེ་ཇི་༡,༧༨༠ དེ་ཅིག་ལས་ བཙོང་མ་ཚུགས་པས་ཟེར་ སླབ་ཨིན་པས།
དེ་གི་ལྷག་ལུས་ སོན་གྱི་དོན་ལུ་བཞག་མི་ཚུ་ ལ་ཡ་དང་ ཁ་སྨད་ སྤུ་ན་ཁ་ དེ་ལས་ དབང་འདུས་རྫོང་ཁག་ཚུ་ནང་ བཙོང་ཡོདཔ་ད་ ལས་རིམ་དེ་གི་ཐོག་ལས་ སོ་ནམ་པ་ཚུ་གིས་ ཁེ་སང་བཟོ་ཚུགས་ཡོད་རུང་ རྫོང་ཁག་བདག་སྐྱོང་ལུ་ དངུལ་ཀྲམ་༥༠,༠༠༠ དེ་ཅིག་ རྒུད་ཕོག་ཡོདཔ་ཨིན་པས།
སྡེ་ཚན་གྱི་འཐུས་མི་ ཀུན་བཟང་འཕྲིན་ལས་ཀྱིས་ བཤད་མིའི་ནང་ ཁོང་གིས་ ཐིམ་ཕུག་ལུ་ བདུན་ཕྲག་རེ་ནང་ ཐེངས་རེ་བཀྲམ་སྤེལ་འབད་ནི་དེ་ ལཱ་ཁག་རྐྱབ་ཅི་ཟེར་ཨིནམ་ད་ དེ་ཡང་ མང་ཤོས་ར་ གནམ་བྱཱར་གྱི་དུས་ཚོད་ལུ་ སྣུམ་འཁོར་ཚུ་འཚོལ་དགོ་ནི་དེ་གིས་ དུས་ཚོད་ཁར་ བཀྲམ་སྤེལ་འབད་མ་ཚུགས་པའི་ གདོང་ལེན་བྱུང་ཡི་ཟེར་ཨིན་པས།
ཆོས་སྐྱིད་དབང་ཕྱུག་གིས་ སླབ་མིའི་ནང་ ཐོན་སྐྱེད་ཉོ་མི་ཚུ་གིས་ རྩིས་བཱིལ་ཚུ་ དུས་ཚོད་ཁར་ མ་བྱིན་མི་དེ་གིས་ཡང་ དཀའ་ངལ་བྱུང་བའི་ཁར་ དུས་ཚོད་མེན་པའི་སྐབས་ལུ་ ཚོད་བསྲེའི་རིགས་གསུམ་ བཀྲམ་སྤེལ་འབད་དགོ་མི་དེ་ཡང་ གདོང་ལེན་བྱུང་ཡི་ཟེར་ཨིན་པས།
ཟ་ཁང་གི་ཇོ་བདག་ཚུ་གིས་ ཚོད་བསྲེ་ག་དེམ་ཅིག་ དགོས་མཁོ་ཡོདཔ་ཨིན་ན་ ཁ་གསལ་སྦེ་ སླབ་ཚུགས་པ་ཅིན་ ང་བཅས་ཀྱིས་ཡང་ དེ་དང་འཁྲིལ་ཏེ་ བཀྲམ་སྤེལ་འབད་ཚུགས་ནི་མས་ཟེར་ ཁོ་གིས་བཤད་པའི་ཁར་ སྡེ་ཚན་གྱིས་ ད་ལྟོ་ ཚོད་བསྲེའི་རིགས་གསུམ་ལས་བརྒལ་ བཙུགས་མ་ཚུགས་རུང་ ཤུལ་ལས་ མང་སུ་བཀྲམ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཚོད་བསྲེ་ཚུ་གི་དོན་ལུ་ ད་རེས་ཀྱི་ཟླཝ་ནང་ར་ གོང་ཚད་བདེ་སྒྲིག་བཟོ་བའི་ཤུལ་ལས་ གན་ཡིག་བཟོ་ནིའི་ འཆར་གཞི་ཡོད་པའི་ཁར་ མགར་ས་རྫོང་བདག་ རྡོ་རྗེ་དགྲ་འདུལ་གྱིས་ སླབ་མིའི་ནང་ སོ་ནམ་པ་ཚུ་གིས་ ཚོད་བསྲེའི་རིགས་ སྤུས་ཚད་ལེགས་ཉེས་ཚུ་ དབྱེ་བ་ཕྱེ་ནི་ལུ་ དཀའ་ངལ་ཡོད་རུང་ ད་ལས་ཕར་ སྤུས་ཚད་ཅན་གྱི་རིགས་ཚུ་རྐྱངམ་གཅིག་ བཀྲམ་སྤེལ་འབད་ནི་ཟེར་ཨིན་པས།
གན་ཡིག་བཟོ་བའི་སྐབས་ ཐིམ་ཕུག་ནང་འཁོད་ཀྱི་ཟ་ཁང་ ཕུ་ལུ་ཤཝ་དང་ པད་གླིང་ ཆུ་གཉིས་སྡིངས་ གཏེར་མ་གླིང་ཀ་ ཨ་རི་ཡ་ཟ་ཁང་ བཀྲིས་འོད་གླིང་ དགའ་གླིང་ཁ་ ཏཱཇ་བཀྲིས་ དེ་ལས་ རོ་མཆོག་སྤེལ་གྱི་ ངོ་ཚབ་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།
སྐད་སྒྱུར་ བཀྲིས་བསྟན་འཛིན།