༉ འབྲུག་སོ་ནམ་དང་ བཟའ་ཆས་ཁྲིམས་དོན་དབང་འཛིན་གྱིས་ རྒྱལ་ཁབ་ནང་ ཉ་རིགས་ཚུ་ཡང་ རྫས་སྦྱོར་ཕོར་མཱེ་ལིན་ མ་བླུགས་མི་རྐྱངམ་གཅིག་ ནང་འདྲེན་འབད་བཅུག་དོ་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཁ་ཙ་ དབང་འཛིན་གྱི་ མི་སྡེ་ཕེསི་བུག་ཐོག་ལུ་ མི་མང་ལུ་ ཁྱབ་བསྒྲགས་འབད་ཡོདཔ་ད་ ཁྱེགས་སྒྲོམ་དང་ བསིལ་ལྡན་ཚུ་ནང་བཞག་མི་ ཉ་རིགས་ག་ར་ ས་མཚམས་འགེག་སྲུང་སྒོ་ར་ཚུ་ནང་ ཕོར་མཱེ་ལིན་ ངོས་འཛིན་འཕྲུལ་ཆས་ ལག་ལེན་འཐབ་ཐོག་ལས་ བརྟག་དཔྱད་འབད་དེ་ ནང་འདྲེན་འབད་དོ་ཟེར་ཨིན་པས།
དེ་ཡང་ རྒྱ་གར་གྱི་མངའ་སྡེ་ གོ་ཝ་དང་ ཀེ་རི་ལ་ ཨ་སམ་ དེ་ལས་ ཨོ་ཌི་ས་ལ་སོགས་པ་ཚུ་ནང་ ཉ་ཚུ་ལུ་ རྫས་སྦྱོར་དེ་ ལག་ལེན་འཐབ་ཡོད་པའི་ གནས་ཚུལ་ཐོན་པའི་ཤུལ་ལས་ཨིན་པས།
ཕོར་མཱེ་ལིན་རྫས་སྦྱོར་དེ་ཡང་ སྤྱིར་བཏང་ཐགས་རིགས་བཟོ་གྲྭ་འཕྲུལ་ཁང་དང་ ཆུ་ཤོག་ ཤོག་གུ་ དེ་ལས་ རྩི་ཚོན་བཟོ་ཁང་ཚུ་ནང་ ལག་ལེན་འཐབ་དོ་ཡོདཔ་མ་ཚད་ རོ་ཁང་ནང་ཡང་ ཕུངམ་མི་རུལ་ནིའི་དོན་ ལག་ལེནའ་འཐབ་དོ་ཡོདཔ་ད་ རྫས་སྦྱོར་དེ་ལུ་ བཀྱག་མེདཔ་ཨིན་པས།
ཁྱབ་བསྒྲགས་དང་འཁྲིལཝ་ད་ མི་ཚུ་གིས་ གལ་སྲིད་ ཉ་རིགས་ནང་ ཕོར་མཱེ་ལིན་གྱི་ རྫས་སྦྱོར་ཡོད་པའི་ དོགས་པ་རེ་ བྱུང་པ་ཅིན་ ཉེས་འདབས་ཀྱི་ དབང་འཛིན་ཡིག་ཚང་དང་ སྤྱོད་ཁྲལ་དགོངས་ཡངས་ཨང་༡༥༥ ཐོག་ལུ་ འབྲེལ་བ་འཐབ་དགོཔ་ཨིན་པས།
དེ་བཟུམ་སྦེ་ དབང་འཛིན་གྱིས་ སྤྱི་ཟླ་༧ པའི་ཚེས་༢༡ ལུ་ ཀུན་གསལ་ཐོག་ལས་ མི་མང་ལུ་ ཁྱབ་བསྒྲགས་འབད་མི་ནང་ འབྲུག་ལུ་ བཟའ་སྤྱོད་ཉེན་སྲུང་གི་ མཐའ་དོན་དང་ འཕྲལ་ཁམས་ཅིག་ཁར་ རྒྱ་གར་ལུ་ ཉ་ཤའི་ནང་ རྫས་རིགས་ཕོར་མཱེ་ལིན་ཟེར་མི་ ལག་ལེན་འཐབ་ཡོད་པའི་ གནས་ཚུལ་དར་ཁྱབ་ སོང་ཡོདཔ་ལས་ ཉ་ཤ་ཟ་སྤྱོད་འབད་མི་ཚུ་ ཚ་གྱང་ལང་སྟེ་ རྒྱལ་ཁབ་ནང་ ཚོང་འབྲེལ་འཐབ་པའི་ ཉ་ཤ་ཚུ་ ཉེན་སྲུང་ག་དེ་སྦེ་ཡོད་ག་ཟེར་ དྲི་བཀོད་འབད་མི་ཡང་ ཐོན་ཡོདཔ་ཨིན་པས།
དེ་འབདཝ་ལས་ དབང་འཛིན་གྱིས་ ཚ་གྱང་ཐེབས་འབག་སྟེ་ ཟླ་༧ པའི་ཚེས་༣ ལས་ རྒྱལ་ཁབ་ཀྱི་ ས་མཚམས་སྒོ་ར་ཚུ་ནང་ རྫས་རིགས་ཕོར་མཱེ་ལིན་ ངོས་འཛིན་འཕྲུལ་ཆས་ ལག་ལེན་འཐབ་ཐོག་ལས་ བརྟག་དཔྱད་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
རྒྱ་གར་གྱི་ གནས་ཚུལ་ནང་ རྫས་སྦྱོར་དེ་ཡང་ ཉེན་ཁ་ཅན་ཅིག་ཨིན་པའི་ཁར་ གལ་སྲིད་ རྫས་སྦྱོར་བརྒྱ་ཆ་༣༥ ཡོད་པའི་ ཆུ་མི་ལི་ལི་ཊར་༣༠ འཐུང་པ་ཅིན་ མི་ཤི་རྐྱེན་འབྱུང་ནིའི་ ཉེན་ཁ་ཡོད་ཟེར་བཀོད་ནུག།
དབང་འཛིན་གྱིས་ ཟླ་༧ པའི་ཚེས་༡༨ ཚུན་ རྒྱལ་ཁབ་ནང་ ནང་འདྲེན་འབད་བའི་ ཉ་ཤའི་རིགས་ནང་ རྫས་རིགས་ཕོར་མཱེ་ལིན་ མེད་པའི་ མངོན་གསལ་ཡོད་རུང་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ ཕུན་ཚོགས་གླིང་ལུ་ བརྟག་དཔྱད་འབད་བའི་ གྲུབ་འབྲས་ནང་ ཉ་ཤའི་རིགས་ པཱན་ཀཱཇ་དང་ རུའི་ཟེར་མི་ཚུ་ནང་ རྫས་རིགས་ཕོར་མཱེ་ལིན་དེ་ ལག་ལེན་འཐབ་ཡོད་པའི་ ངོས་འཛིན་བྱུངམ་ལས་ སྒོ་ནོར་བཅའ་ཡིག་དང་ སྒྲིག་གཞི་༢༠༡༧ ཅན་མ་དང་འཁྲིལ་ཏེ་ ཉ་ཤ་ཚུ་ ཕྱོག་བཟུང་འབད་དེ་ བཀོག་བཏང་ཡི་ཟེར་ཨིན་པས།
ཤུལ་མའི་ཟླཝ་ལས་ རྒྱལ་ཁབ་ནང་ ཉ་ཤའི་རིགས་ཚུ་ ནང་འདྲེན་འབདཝ་ད་ རྫས་སྦྱོར་མེདཔ་ ངེས་བརྟན་བཟོ་ཐབས་ལུ་ རྒྱ་གར་གྱི་ ཕྱིར་ཚོང་བརྟག་ཞིབ་ཚོགས་ཆུང་གིས་ བརྟག་དཔྱད་ཐོག་ ངོ་སྦྱོར་འབད་ནི་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།