༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ རྩོད་ཟླ་༡༢ ཀྱིས་ མཆོད་རྟེན་བསྡོམས་༩༩ སློངས་པའི་ སྒྲུབ་བྱེད་ཚུ་ཕུལཝ་ད་ ཉིན་གྲངས་༢ འགོར་ཡོདཔ་བཞིན་དུ་ ནང་གཟུངས་ལོག་ཐོབ་མི་ཚུ་ རེ་རེ་བཞིན་དུ་ གསལ་སྟོན་ཐོག་ ཁྲིམས་སྲུང་འགག་པ་ལས་ རྩིས་ལེན་ཡི།
སྒྲུབ་བྱེད་སྙན་གསན་དེ་ཡང་ འདས་པའི་རེས་གཟའ་མིག་དམར་དང་ ལྷག་པ་ལུ་ མཚད་ཡོདཔ་ད་ དེ་བསྒང་ ཉེས་བཤེར་འབད་མི་དེ་གིས་ སི་ལམ་སྦིས་རྒེད་འོག་ལས་ སྐྱེས་ལོ་༣༤ ལང་མི་ ལས་སྐྱིད་མཁའ་འགྲོ་གིས་ མཆོད་རྟེན་༥༩ དང་ དགྲ་མེད་རྩེ་རྒེད་འོག་ སྦིས་མཁར་ལས་ སྐྱེས་ལོ་༣༣ ལང་མི་ ཨྱོན་ཚེ་དབང་གིས་ མཆོད་རྟེན་༥༨ སློངས་ཡོད་པའི་སྐོར་ སྒྲུབ་བྱེད་དང་སྦྲགས་ཏེ་ ཁྲིམས་འདུན་ལུ་ གསལ་ཞུ་ཕུལ་ཡི།
རྩོད་ཟླ་ཚུ་གིས་ མཆོད་རྟེན་ཚུ་ཡང་ སྤྱི་ལོ་༢༠༡༢ ལས་༢༠༡༧ གྱི་བར་ན་ ན་རང་རྒེད་འོག་ ཕའི་ཟོར་གཡུས་ཚན་དང་ དག་ས་མ་ཎི་ དེ་ལས་ བཀའ་དམ་མཆོད་རྟེན་ཚུ་ སློངས་ཡོདཔ་ད་ དགྲ་མེད་རྩེ་སྒམ་ཙ་ལུ་དང་ ཝའི་ཆུར་ དེ་ལས་ སྔ་ཚང་རྒེད་འོག་གི་ས་གནས་ རི་ཝང་དང་ འུང་རི་ལོ་ ཀ་ཀ་ཎི་ལུ་ཡོད་མི་ མཆོད་རྟེན་ཚུ་ཡང་ སློངས་ཡོདཔ་ཨིན་པས།
དེ་མ་ཚད་ བ་ལམ་རྒེད་འོག་གི་ས་གནས་ མཆོད་རྟེན་ཟོར་དང་ འཛམ་བུ་གླིང་ མཁས་ཤིང་ དེ་ལས་ སི་ཟ་ཀོ་ཚུ་ནང་ཡོད་པའི་ མཆོད་རྟེན་ཚུ་ སློངས་ཡོདཔ་ཨིན་པས།
རྒེད་འོག་༤ ནང་ ལས་སྐྱིད་མཁའ་འགྲོ་དང་ ཨྱོན་རྡོ་རྗེ་༢ ཀྱིས་ མཆོད་རྟེན་༡༢ སློངས་ཡོདཔ་ད་ ལས་སྐྱིད་མཁའ་འགྲོ་གིས་ ཆ་ལི་རྒེད་འོག་ནང་ མཆོད་རྟེན་༩ སློངས་མི་ཚུ་ཡང་ ཀརྨ་ཆོས་གླིང་ལྷ་ཁང་གི་ ཉེ་འདབས་ལུ་ མཆོད་རྟེན་༣ དང་ ཨུ་མི་ལ་སྟང་དང་ ལི་སི་ཝང་ ས་ལ་ཕོ་ དེ་ལས་ ཆ་ལི་ལྷ་ཁང་གི་ སྦོ་ལོགས་ཁར་ མཆོད་རྟེན་༢ དེ་ལས་ མ་མཁོའི་མཆོད་རྟེན་ཚུ་ སློངས་ཡོད་པའི་ སྒྲུབ་བྱེད་ཚུ་ཕུལ་ཡི།
མོང་སྒར་རྒེད་འོག་ནང་ མཆོད་རྟེན་༩ སློངས་མི་ཚུ་ཡང་ ཝང་གླིང་གཡུས་ཚན་ནང་ མཆོད་རྟེན་༢ དང་ ཝེང་མཁར་ཟོར་ལུ་མཆོད་རྟེན་༢ ཝེང་མཁར་ཤིང་ཅི་མ་སྤེག་དང་ ཝེང་མཁར་ལྟག་རྫོང་ སྐྱིད་བདེ་མཁར་ དེ་ལས་ ཁ་རབ་ཤིང་གི་ མཆོད་རྟེན་ཚུ་སློངས་ཡོདཔ་ད་ ཕོ་གསོ་རོང་སྤྱི་འོག་གི་ ས་གནས་ཁག་ཚུ་ལས་ མཆོད་རྟེན་༡༣ འབདཝ་ད་ བསྡོམས་ཀྱིས་མཆོད་རྟེན་༢༢ སློངས་ནུག།
ས་གླིང་རྒེད་འོག་ནང་ མཆོད་རྟེན་༩ སློངས་མི་ཚུ་ཡང་ འབྲུག་ཟམ་དང་ འབྲུག་ཟམ་སྟོད་ སྦམ་སྤོག་ཏོར་ ཆོས་ལོང་སྒོར་ལྟབ་ ག་ལ་རོ་གདོང་ ཅུ་ལུང་སྦིས་ སྐྱིད་བུ་ དེ་ལས་ བཙན་ཟ་སྦིས་ཚུ་ནང་ཨིནམ་ད་ སི་ལམ་སྦིས་རྒེད་འོག་ནང་ ལྕང་ལྕང་མ་མཁར་མ་གླིང་དང་ ཝ་མ་ས་རིམ་ ཀིར་ལྡི་ བཀའ་དག་པདྨ་ལ་ དེ་ལས་ ས་ལི་སྤོང་གཡུས་ཚན་ཚུ་ནང་ཡོད་མི་ མཆོད་རྟེན་༦ སློངས་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་ ལས་སྐྱིད་མཁའ་འགྲོ་དང་ ཨྱོན་ཚེ་དབང་༢ ཀྱིས་ སྤྱི་ལོ་༢༠༡༡ ལས་འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༦ ཚུན་ མཆོད་རྟེན་༥༨ སློངས་ནུག་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཀྱི་ ངོ་ཚབ་ཀྱིས་ ཞུ་མིའི་ནང་ ཁྲིམས་སྲུང་འགག་སྡེ་གིས་ ཉེས་འཛུགས་ཅན་ཚུ་ཁྱིད་དེ་ ཉེས་འབྲེལ་གྱི་ ས་གནས་ཚུ་ ཞིབ་དཔྱད་བསྐྱར་ཞིབ་འབད་བའི་སྐབས་ མཆོད་རྟེན་རེ་རེ་བཞིན་དུའི་ སྦོ་ལོགས་ཁར་སོང་སྟེ་ ངོས་འཛིན་འབད་བཅུག་ཟེར་ཨིན་པས།
ལས་སྐྱིད་མཁའ་འགྲོ་དང་ ཨྱོན་ཚེ་དབང་༢ ཀྱིས་ མཆོད་རྟེན་སློངས་མི་ལས་ཐོབ་མི་ ཅ་ཆས་ཚུ་ཡང་ གཟི་མིག་ཏོ་གསུམ་འབད་མི་༡ དང་ ཚོས་གཞི་གནགཔོ་འབད་མི་གཟི་༡ བྱུ་རུ་ཆེ་ཆུང་༢༨ བྱུ་རུ་ཆུང་བ་དཀརཔོ་༡ གཡུ་གནགཔོ་༡ ཟངས་ཀྲམ་༡ བོད་ཀྲམ་༣ ཐ་ལ་ཤི་ཀི་༤༩ རུ་ཏོག་གི་བྱུ་རུ་༡ བྱུ་རུ་དམར་གསེར་༡ ཐོབ་ཡོད་མི་ཚུ་ གསལ་སྟོན་འབད་ནུག།
དེ་ལས་ སི་ལམ་སྦིས་ལས་ སྐྱེས་ལོ་༣༡ ལང་མི་ ལྷ་བརྟན་རྡོ་རྗེ་དང་ སྐྱེས་ལོ་༢༧ ལང་མི་ ཚེ་རིང་རྡོ་རྗེ་ དགྲ་མེད་རྩེ་རྒེད་འོག་ལས་ སྐྱེས་ལོ་༢༦ ལང་མི་ འགྱུར་མེད་རྣམ་རྒྱལ་ཚུ་གིས་ མཆོད་རྟེན་སློངས་མི་ཚུ་ལས་ཐོབ་མི་ ཅ་ཆས་ཚུ་ཡང་ སྒྲུབ་བྱེད་སྦེ་ཕུལ་ཡི།
ཙ་ཀ་གླིང་རྒེད་འོག་ལས་ སྐྱེས་ལོ་༢༣ ལང་མི་ ཨྱོན་རྡོ་རྗེ་གིས་ ཁོ་རའི་ ཨ་ཞེམོ་གི་རྨགཔ་ སྐྱེས་ལོ་༢༠ ལང་མི་ ཤེས་རབ་རྒྱལ་མཚན་གྱིས་ ལྷ་ཁང་དང་ མཆོད་རྟེན་ཚུ་ལས་ ནང་གཟུངས་གཟི་དང་ བྱུ་རུ་འཐོབ་པ་ཅིན་ འབག་ཤོག་ཟེར་ སླབ་མི་དང་བསྟུན་ སྐྱེས་ལོ་༢༠ ལང་མི་ ཡེ་ཤེས་རྡོ་རྗེ་དང་མཉམ་ ཆ་ལི་རྒེད་འོག་གི་ ལྷ་ཁང་༢ དང་ ཙ་ཀ་གླིང་ལུ་ བྱང་ཆུབ་མཆོད་རྟེན་སློངས་ཞིནམ་ལས་ ནང་གཟུངས་བཏོན་མི་ ཅ་ལ་ཚུ་ཡང་ གསལ་སྟོན་འབད་ཡི།
བཀྲིས་སྒང་བཀང་ལུང་རྒེད་འོག་ལས་ སྐྱེས་ལོ་༤༤ ལང་མི་ བསོད་ནམས་རྡོ་རྗེ་གིས་ ཤེས་རབ་རྒྱལ་མཚན་ལུ་ རྩི་རང་ལས་ མོང་སྒར་ཚུན་ གཟི་དང་ བྱུ་རུ་ཚུ་ ལེན་པར་འགྱོ་གེ་ཟེར་ སླབ་མི་དང་འཁྲིལ་ ཁོ་གི་ གླ་འཁོར་སེན་ཊོ་ཀཱར་བདའ་སྟེ་ མོང་སྒར་ལུ་ འབག་འོང་མི་ ཅ་ཆས་ཚུ་ཡང་ གསལ་སྟོན་འབད་ཡོད་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།