རྩོད་བཤེར་གྱི་ འོས་འབབ་ཡོད་མེད་བལྟ་དགོཔ་ཁག་ཆེ།

༉ རྒྱལ་ཁབ་ནང་ གོང་འཕེལ་གྱི་ འགྱུར་བ་དང་བསྟུན་པའི་ ཁེ་ཕན་ཡང་ འདྲ་མིན་སྣ་ཚོགས་ཐོན་དོ་ཡོདཔ་ལས་ དེ་གིས་ ཕྱོགས་གཅིག་ལས་ ཕན་ཐོགས་སྦོམ་ར་ཡོདཔ་ཨིན་རུང་ མི་རེ་གཉིས་ལུ་ བྱ་སྟབས་མ་བདེཝ་རེ་ཐོནམ་ད་ དེ་འཕྲོ་ལས་ གདོང་ལེན་འབདཝ་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ འདས་པའི་ལོ་ལས་ཚུར་ མི་སྡེའི་བརྡ་བརྒྱུད་ནང་ ལོ་རྒྱུས་དང་ གནས་ཚུལ་འདྲ་མིན་ བཀོད་ཡོད་པའི་སྐོར་ལས་ རྩོད་རྙོགས་ཚུ་ ལེ་ཤ་ར་ ཐོན་ཡོད་པའི་ཁར་ ཁྲིམས་གཏུགས་ཡང་འབད་བའི་ མངོན་གསལ་བྱུང་ཡི།
སྤྱིར་བཏང་མི་མང་གིས་ མི་སྡེའི་བརྡ་བརྒྱུད་ཟེར་མི་འདི་ གོ་དོན་ལེགས་ཤོམ་སྦེ་ ངེས་ཤེས་བསྐྱེད་ཐོག་ལས་ ལག་ལེན་འཐབ་དགོ་ནི་ཨིན་རུང་ རྒྱལ་ཁབ་ནང་ མི་སྡེའི་དཔལ་འབྱོར་གོང་འཕེལ་ རྒྱ་ཆེཝ་སྦེ་ མ་འགྱོ་བར་ཡོད་ནི་དེ་གིས་ བལྟ་རྒྱ་མཐོང་རྒྱ་ཚུ་ ཕྱིའི་རྒྱལ་ཁབ་ཚུ་དང་ འདྲ་མཉམ་མེད་པའི་ སྐྱོན་ཆ་ཅིག་སྦེ་མཐོངམ་མས།
དེ་འབདཝ་ད་ མི་སྡེའི་བརྡ་བརྒྱུད་ལག་ལེན་འཐབ་མི་ཚུ་གིས་ བརྟག་ཤིང་ག་ནི་ཡང་ མ་དཔྱད་པར་ ག་ཐོབ་ག་ཚུད་སྦེ་ བྲིས་བཀོད་འབདཝ་ད་ དེ་གིས་ རེ་ཚེ་སྐབས་ མི་རེ་གཉིས་ལུ་ མི་དཀར་ལ་ཞྭ་ནག་སྤུབས་པའི་ རྩོད་དོན་ལུ་ཡང་གྱུར་བའི་ མཐོང་སྣང་བྱུངམ་ཨིན་མས།
ད་ཚུན་གྱི་བར་ན་ མི་སྡེའི་བརྡ་བརྒྱུད་ནང་ བདེན་མིན་གྱི་ བསམ་བཀོད་འབད་བའི་ རྩོད་དོན་རེ་གཉིས་ ཐོན་མི་ཚུ་ ཁྲིམས་སར་བསྐྱལ་ཡོད་རུང་ རྩོད་བཤེར་ན་འཐན་ མཇུག་བསྡུ་རནམ་ད་ རྩ་ཕན་ཚུ་གི་ཧོངས་ལས་ རྩོད་གཞི་ཕྱིར་བཏོན་འབད་མི་དེ་གིས་ རང་གིས་ར་ འབྱུང་ཁུངས་མེདཔ་བཟོཝ་ཨིན་མས།
འདི་བཟུམ་མའི་ གནས་སྟངས་ནང་ ཁ་ཉེས་ཕོག་མི་ཚུ་གིས་ མི་ངོམ་དེ་ ངོས་འཛིན་ཐོག་ལས་ ཁྲིམས་བཤེར་འབད་ནིའི་ དཔའ་བཅམ་མི་དེ་ཡང་ མི་ངོ་སོ་སོར་ལུ་ དལ་དབང་ཡོད་མི་ལུ་བརྟེན་ཨིན་མས།
ཨིན་རུང་ བརྡ་བརྒྱུད་དེ་ གནས་ཚུལ་བརྡ་སྤེལ་གྱི་དོན་ལུ་ཨིན་ཟེར་ ལག་ལེན་འཐབ་མི་ཚུ་གིས་ཡང་ ཡང་དག་གི་ དྲན་ཤེས་བསྐྱེད་ཐོག་ལས་ བྲིས་བཀོད་འབད་དགོཔ་མ་གཏོགས་ འདི་བཟུམ་མའི་ འཛམ་གླིང་ཁྱབ་འགྱུར་གྱི་ མི་སྡེའི་བརྡ་བརྒྱུད་ནང་ མི་གཞན་ལུ་གནོད་པའི་ བསམ་འཆར་ག་ཐོབ་སྦེ་ གསལ་བཀོད་འབད་ནི་མི་འོང་།
དེ་དང་འདྲཝ་སྦེ་ ཁྲིམས་འདུན་གྱིས་ཡང་ མི་སྡེའི་བརྡ་བརྒྱུད་ལག་ལེན་འཐབ་པའི་སྐབས་སུ་ བདེན་ཁུངས་དང་ རྒྱལ་ཡོངས་ལུ་ གནོད་ཉེན་ལྕི་ཡངས་ཚུ་ གཟིགས་ཞིབ་མཐིལ་ཕྱིན་གནང་སྟེ་ བཤེར་ཡིག་ལེན་ནིའི་ འཆར་སྒོ་བརྩམས་པ་ཅིན་ ལེགས་ལྡན་འབྱུང་ནི་ཨིན་མས།
བརྡ་བརྒྱུད་ནང་ མ་བདེན་པའི་གནས་ཚུལ་ བྲིས་བཀོད་འབད་མི་དང་ རྒྱལ་ཁམས་ དང་ མི་མང་ལུ་ གནོད་ཉེན་སྦོམ་ར་ འབྱུང་སྲིད་ནིའི་ གནད་དོན་ཚུ་ ཁྲིམས་བཤེར་མཛད་དགོཔ་ ངེས་བདེན་ཨིན་རུང་ འདས་པའི་རྩོད་གཞིའི་ གནད་དོན་བཟུམ་ཅིག་འབད་བ་ཅིན་ མཐོ་གཏུགས་འབད་ནི་དང་ ཤུལ་ལས་ ཕྱིར་བཏོན་འབད་མི་ཚུ་ དྲང་ཁྲིམས་ཀྱི་ ལཱ་ཐེབས་མ་གཏོགས་ རྒྱལ་ཁམས་དང་ མི་སྡེ་ལུ་ ཕན་ཐོགས་མེདཔ་བཟུམ་མའི་ མཐོང་གསལ་བྱུང་ཡི།
འདི་འབདཝ་ལས་ མི་སྡེའི་བརྡ་བརྒྱུད་དང་འབྲེལ་བའི་ རྩོད་གཞི་ཚུ་ ཁྲིམས་ཀྱི་འདུན་སར་ ཁྲིམས་བཤེར་འབད་ནི་གི་ འོས་འབབ་ཡོད་མེད་ བརྟག་ཞིབ་མཐིལ་ཕྱིན་འབད་དགོཔ་བཞིན་དུ་ གལ་སྲིད་ འོས་འབབ་ཡོད་པ་ཅིན་ ངོས་ལེན་ཐོག་ རྩོད་གཞི་ཕྱིར་བཏོན་འབད་ནི་མེད་པར་ རྒྱལ་ཕམ་ཕྱེ་ཚུགསཔ་ཅིག་ བཟོ་དགོ་ཟེར་ ཞུ་ནི་ཨིན།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *