རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཌོ་ལར་རྫུས་མ་བཟོ་བའི་རྩོད་བཤེར་ མཐོ་གཏུགས་ཞུ་ཡོདཔ།

༉ སྤ་རོ་རྫོང་ཁག་ཁྲིམས་འདུན་གྱིས་ ཌོ་ལར་རྫུས་བཟོ་ནང་ འབྲེལ་གཏོགས་འབད་མི་ ཕོ་སྐྱེས་༢ ལུ་ བཙོན་ཁྲིམས་ངོ་མ་ལས་ ཕྱེད་ཀ་བཀལ་ཡོད་མི་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསམ་པ་མ་རྫོགས་མི་ལུ་བརྟེན་ མཐོ་གཏུགས་ཞུ་ཡོདཔ་ཨིན་པས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ མཐོ་གཏུགས་ཞུ་ཡིག་ནང་ སྤ་རོ་རྫོང་ཁག་ཁྲིམས་འདུན་གྱིས་ ཉེས་འཛུགས་ཅན་ ཕུར་པ་འཕྲིན་ལས་དང་ མགོན་པོ་གཉིས་ཀྱིས་ ཌོ་ལར་རྫུས་མ་བཟོ་ནིའི་ གནོད་འགེལ་འཐབ་ཡོད་རུང་ ཁོང་༢ ལུ་ བཟོ་སྐྲུན་འབད་བཅུག་པའི་ ར་ཁུངས་མ་ཐོནམ་ལས་ ཁྲིམས་འདུན་གྱིས་ ཉོ་བའི་གྲངས་སུ་བརྩིས་ཏེ་ བཙོན་ཁྲིམས་ངོ་མ་ལས་ ཕྱེད་ཀ་བཀལ་ཡོད་མི་ལུ་ བསམ་པ་མ་རྫོགས་ཟེར་བཀོད་ནུག།
ངོ་ཚབ་ཀྱིས་ ཌོ་ལར་རྫུས་མ་བཟོ་མི་ཚུ་ ཁོང་༢ ཀྱི་བདག་དབང་ལས་ བཙན་བཟུང་འབད་ཡོད་མི་དང་ ཡུ་ཨེསི་ཌོ་ལར་རྫུས་མ་བརྒྱ་ལོར་རེ་ལུ་ དངུལ་ཀྲམ་༤༠༠ རེ་ སྤྲོད་མི་དེ་ འབོར་ཚད་ལས་མང་བའི་ དངུལ་སྤྲོད་དེ་ བཟོ་བཅུག་མི་དེ་ ཉོ་བའི་གྲངས་སུ་བརྩི་བ་ཅིན་ ཧེ་མ་ལས་ ཌོ་ལར་ཚུ་ ཁྲོམ་ཁར་ རྒྱ་ཆེ་དྲགས་སྦེ་ བཀྲམ་སྤེལ་འབད་དེ་ འོང་དགོཔ་འདུག་ཟེར་ཨིནམ་ད་ འཁྲུན་ཆོད་དང་འཁྲིལཝ་ད་ ཉོ་བཙོང་འཐབ་པའི་གོ་བ་ཨིནམ་ལས་ ཁེ་རྒུད་མ་བཏུབ་ཟེར་ མཐོ་གཏུགས་ནང་ ཞུ་ནུག།
འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་འཛུགས་ཅན་གཉིས་ཀྱིས་ ཌོ་ལར་རྫུས་མ་བཟོ་བའི་སྐབས་ ཧེ་མ་ལས་ གླ་རིན་མ་སྤྲོད་པས་ཟེར་ བཀོད་ཡོད་མི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྫུས་མ་བཟོ་ནིའི་དོན་ལུ་ མ་རྩ་མ་དངུལ་དེ་ ཤུལ་ལས་ཡང་ སྤྲོད་བཏུབ་ནི་ཨིནམ་ལས་ ཁྲིམས་འདུན་གྱིས་ ཌོ་ལར་ཚུ་ ཉོ་ཡོད་པའི་དོན་འགྲེལ་འབད་དེ་ འཁྲུན་ཆོད་གནང་མི་ ཉེས་འཛུགས་ཅན་༢ ཀྱིས་ ཞུ་བ་ཕུལ་མི་ལྟར་ ཨིན་མས་ཟེར་ བཀོད་ནུག།
བྱ་ངན་ནང་ འབྲེལ་བ་ཡོད་མི་ རྒྱ་གར་གྱི་ མི་ཁུངས་ ཨ་ནཱིལ་ཟེར་མི་དང་མཉམ་ ཁོང་གཉིས་ཀྱིས་ ཚོང་འབྲེལ་ག་ཅི་འབད་བ་ཅིན་ དྲག་ག་ཟེར་ བསྟུན་གྲོས་འབད་བའི་སྐབས་ ཌོ་ལར་རྫུས་མའི་ ཚོང་རྐྱབ་པ་ཅིན་དྲག་ཟེར་ སླབ་མི་དང་འཁྲིལ་འབད་ཡོདཔ་ལས་ གཞན་ལས་ཉོ་ནུག་ཟེར་མི་དེ་ལུ་ ཆ་བཞག་ཐབས་མིན་འདུག་ཟེར་ མཐོ་གཏུགས་ནང་བཀོད་ནུག།
རྩོད་དཔོན་ཡོངས་ཁྱབ་ཀྱི་ ངོ་ཚབ་ཀྱིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ལོའི་ དོན་ཚན་༣༠༧ དང་འཁྲིལཝ་ད་ རྫུས་མ་ཟེར་མི་དེ་གི་ དོན་འགྲེལ་འབད་ནི་དང་ ད་ལས་ཕར་འབད་རུང་ དེ་བཟུམ་མའི་ རྩོད་བཤེར་ཐོནམ་ད་ ཁྲིམས་གཅིག་མཚུངས་བཟོ་ནིའི་དོན་ལུ་ ཁེ་ཕན་འབྱུང་ཚུགས་ནི་ཨིནམ་ལས་ མཐོ་གཏུགས་འབད་ཡི་ཟེར་ཨིན་པས།
སྤྱི་ལོ་༢༠༠༤ ལོའི་ ཉེས་འགེལ་ཁྲིམས་དེབ་ནང་འབད་བ་ཅིན་ རྫུས་མ་ཟེར་བའི་གོ་དོན་དེ་ རྩོད་ཟླ་ཅིག་གིས་ ཤེས་བཞིན་དུ་ སྨན་ནམ་དངུལ་ ཏིག་རྐྱང་ དངུལ་ཤོག་ཚུ་ རྫུས་མ་བཟོ་སྐྲུན་འབད་བའམ་ བཙོང་ནི་ དེ་ལས་ བཀྲམ་སྤེལ་འབད་བ་ཅིན་ རྩོད་ཟླ་དེ་ རྫུན་མ་བཟོ་བའི་ གནོད་འགེལ་གྱི་ཉེས་སྐྱོན་ཨིནམ་སྦེ་ བརྩི་དགོ་ཟེར་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ རྩོད་ཟླ་གིས་ བསྟན་སྲུང་དམག་མི་དང་ ཁྲིམས་འདུན་ལུ་ ཌོ་ལར་རྫུས་མ་༡༠༠ རེ་ལུ་ རུ་པི་༤༠༠ རེ་ སྤྲོད་ཡི་ཟེར་ཞུ་ཡོདཔ་ད་ རུ་པི་དེ་ ཌོ་ལར་རྫུས་མ་ཚུ་ ལག་པར་ཐོབ་པའི་སྐབས་ སྤྲོད་ཡོདཔ་མ་གཏོགས་ ཌོ་ལར་རྫུས་མ་ཚུ་ མ་ཐོབ་པའི་སྔོན་ལས་ སྤྲོད་དེ་མིན་འདུག་ཟེར་ འཁོད་ནུག།
དེ་འབདཝ་ལས་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཉེས་འཛུགས་ཅན་གྱིས་ ཌོ་ལར་རྫུས་མ་བཟོ་ནིའི་དོན་ལུ་ ཧེ་མ་ལས་ རྒྱ་གར་གྱི་མི་ཁུངས་ལུ་ རུ་པི་བྱིན་ནུག་ཟེར་བའི་ ཉེས་འཛུགས་འབད་མི་ལུ་ ར་ཁུངས་སྐྱེལ་ནི་མིན་འདུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
དེ་འབདཝ་ལས་ ཉེས་འཛུགས་ཅན་ མགོན་པོ་གིས་ རྫུས་མ་བཟོ་ཡོད་པའི་ ཉེས་འཛུགས་འབད་མི་དེ་ཡང་ བདེན་ཁུངས་སྐྱེལ་ཐབས་མེདཔ་ལས་ ཁོ་གིས་ བོད་ལས་ གསེར་ཀོང་གི་ ཚོང་རྐྱབ་ནིའི་དོན་ལུ་ སི་ལི་གུ་རི་ལས་ ཌོ་ལར་རྫུས་མ་༣༣༣ མཁོ་མངགས་འབད་དེ་ འབྲུག་ལུ་ འབག་འོང་པའི་ཁར་ སྤྱི་ལོ་༢༠༡༦ ཟླ་༩ པའི་ཚེས་༢ ལུ་ བོད་དང་ འབྲུག་གི་ས་མཚམས་ བྱི་དུ་ལ་ལུ་ལྷོདཔ་ད་ བསྟན་སྲུང་དམག་མི་ཚུ་གིས་ འཛིན་བཟུང་འབད་བའི་སྐབས་ ཁོ་ལས་ ཌོ་ལར་རྫུས་མ་༡༩༧ ཐོབ་མི་ལུ་བརྟེན་ ཉེས་ལས་ངོ་མ་འཐབ་མི་ལུ་ བཙོན་འཐུས་བཏབ་མ་ཆོག་པའི་བཙོན་ཁྲིམས་ ལོ་༡ དང་ ཟླཝ་༦ བཀལ་ཡོདཔ་ཨིན་པས།
དེ་མ་ཚད་ ཁོ་གིས་ བསྟན་སྲུང་དམག་སྡེ་གིས་ འཛིན་བཟུང་འབད་བའི་སྐབས་ འདྲོག་པའི་ཤུགས་ཀྱིས་ གསེར་ཚོང་རྐྱབ་པར་ཨིན་ཟེར་ ཤུལ་ལས་ཁྲིམས་འདུན་ལུ་ ཞུ་ཡོད་རུང་ དེ་བསྒང་ ཞིབ་དཔྱད་འབད་བའི་སྐབས་ ཁོང་གཉིས་ཀྱིས་ དོ་འབག་མི་རྟ་ལ་སོགས་པ་ཚུ་ ག་ནི་ཡང་ ཁྱིད་དེ་མེདཔ་ལས་ གསེར་ནག་ཚོང་འཐབ་ནིའི་ དཔའ་བཅམ་པའི་ ར་ཁུངས་ཐོན་ཡོདཔ་ལས་ དེ་ལུ་ བཙོན་ཁྲིམས་ཟླཝ་༢ བཀལ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་གཞན་ ཕུར་པ་འཕྲིན་ལས་ཀྱིས་འབད་བ་ཅིན་ མགོན་པོ་གིས་ དངུལ་ཀྲམ་༡༠༠,༠༠༠ འཚོལ་འབག་ཤོག་ཟེར་ སླབ་མི་ལུ་བརྟེན་ ཏི་རུ་འཚོལ་བྱིན་ཡོདཔ་མ་གཏོགས་ ཌོ་ལར་རྫུས་བཟོ་ནང་ འབྲེལ་གཏོགས་མེད་ཟེར་ཞུ་ཡོད་རུང་ བསྟན་སྲུང་དམག་མི་གིས་ འཛིན་བཟུང་འབད་བའི་སྐབས་ ཁོ་ལས་ཡང་ ཌོ་ལར་༡༣༦ ཐོབ་ཡོདཔ་ལས་ ཁོ་ལུ་ཡང་ བཙོན་འཐུས་བཏབ་མ་ཆོག་པའི་བཙོན་ཁྲིམས་ ལོ་༡ དང་ཟླཝ་༦ བཀལ་ཡོདཔ་ད་ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ མཐོ་གཏུགས་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *