འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་དང་ འཐུས་མི་ཚུ་ ཁུངས་གསལ་སྙན་མཇུག་བསྡུ་སྟེ་ ཁྲིམས་འདུན་ལས་ ལོག་འགྱོ་བའི་བསྒང་།

རྩོད་དཔོན་ཡོངས་ཁྱབ་ཀྱིས་ འབྲུག་མཉམ་རུབ་ཚོགས་པའི་རྩོད་དོན་ ཕྱིར་འབུད་གཏང་དགོ་པའི་ཞུ་བ།

༉ ཁ་ཙ་ རྩ་ཁྲིམས་ཅན་གྱི་ བཤེར་ཡིག་སྐོར་ལས་ ཁུངས་གསལ་སྙན་གསན་མཛདཔ་ད་ རྩོད་དཔོན་ཡོངས་ཁྱབ་ ཤེས་ར་ལྷུན་གྲུབ་ཀྱིས་ ཆེ་མཐོ་ཁྲིམས་འདུན་གྱི་ ཡོངས་ཁྲིའི་ནང་བཞུགས་མི་ དྲང་དཔོན་༧ ལུ་ འབྲུག་མཉམ་རུབ་ཚོགས་པའི་ རྩོད་དོན་དེ་ གཞི་ཁུངས་ཁག་གཉིས་ལུ་ གཞི་བཞག་སྟེ་ ཕྱིར་འབུད་གཏང་གནང་དགོཔ་སྦེ་ ངག་ཐོག་ལས་ གསལ་ཞུ་ཕུལ་ཡི།
དེ་ཡང་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་ལས་ཚབ་ སངས་རྒྱས་མཁའ་འགྲོ་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྲིད་དོན་ཚོགས་པ་གིས་ བཤེར་ཡིག་ཕུལ་མི་དེ་ ཁྲིམས་འདུན་གྱི་ ཁ་ཐུག་ལས་ ངོས་ལེན་མཛད་ནི་མེད་པའི་ ཁུངས་སྐྱེལ་ཏེ་ ཞུ་དགོཔ་སྦེ་ བཀའ་རྒྱ་གནང་མི་དང་འཁྲིལ་ ཞུ་ཡི།
རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཞུ་མིའི་ནང་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ ད་ལྟོ་དང་ འདས་པའི་གཞུང་གཉིས་ཆ་ར་གིས་ གནང་ཡོདཔ་ལས་ མི་མང་ལུ་ ཁྲིམས་དོན་དང་འབྲེལ་བའི་ གནད་དོན་ཁག་ཆེ་མི་རེ་འཐོན་པ་ཅིན་ཟེར་ ཐུགས་བཞེད་གནང་སྟེ་ གཞུང་གིས་ མངོན་མཐོ་ཁྲིམས་འདུན་ལས་ ཕན་རླབས་ཆེ་བའི་ བསམ་འཆར་བཞེས་ནིའི་དོན་ལུ་ འབྲུག་མངའ་བདག་རྒྱལ་པོ་མཆོག་ལུ་ ཞུ་ཡིག་ཕུལ་ཏེ་ཡོད་ཟེར་ཨིནམ་ད་ ཞུ་ཡིག་དེ་ འབྲུག་མཉམ་རུབ་ཚོགས་པ་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ བཤེར་ཡིག་མ་ཕུལ་བའི་ཧེ་མར་ ཕུལ་ཡོདཔ་ལས་ ཞི་རྩོད་དང་ ཉེས་རྩོད་བྱ་བའི་ གནད་སྤྱོད་དང་འཁྲིལ་ རྩོད་བཤེར་འབད་མ་ཆོགཔ་ཨིན་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༡ པའི་དོན་ཚན་༨ པ་དང་འཁྲིལ་ དམངས་གཙོའི་བྱ་རིམ་དང་འཁྲིལ་ རྩོད་དོན་ཚུ་ སེལ་དགོཔ་སྦེ་ཡོདཔ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ བཤེར་ཡིག་བཙུགས་མི་དེ་ རྩ་ཁྲིམས་ཀྱི་ དགོངས་དོན་ལས་ འགལ་ཡོད་ཟེར་ཨིན་པས།
བཤེར་ཡིག་ལུ་ ཁྲིམས་འདུན་གྱིས་ ངོས་ལེན་མཛད་ནི་མེད་པའི་ གནད་ཁུངས་གཞན་དེ་ སྲིད་ཚོགས་དེ་ལུ་ གཞུང་སྐྱོང་གི་ རྒྱབ་འགལ་ལུ་ རྩོད་གཞི་བཙུགས་ནི་གི་ དབང་ཚད་མེད་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཞུ་མི་དེ་ཡང་ མ་གཞི་ འབྲུག་མཉམ་རུབ་ཚོགས་པ་དེ་ ཐོ་བཀོད་གྲུབ་བའི་ སྲིད་དོན་ཚོགས་པ་ཨིན་རུང་ མི་སེར་ལུ་ འགན་འཁྲི་དང་ ལན་སླབ་ནི་གི་ ཁྲིམས་མཐུན་དབང་ཚད་མེདཔ་ལས་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པ་རྐྱངམ་གཅིག་ལུ་ རྩ་ཁྲིམས་ཅན་གྱི་ འགན་ཁུར་གནང་སྟེ་ཡོད་ཟེར་ ཞུ་ཡི།
རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཞུ་མིའི་ནང་ ད་ལྟོ་དང་ འདས་པའི་གཞུང་གིས་ དངུལ་འབྲེལ་མཐུན་རྐྱེན་གནང་མི་དེ་གིས་ མི་སེར་ལུ་ གནོད་པ་དང་ བརྡབ་གསིག་བྱུང་ཡོད་མེད་ ཁྲིམས་འདུན་གྱིས་ གཟིགས་ཞིབ་གནང་དགོཔ་དེ་ གལ་ཆེ་ཟེར་ཨིནམ་ད་ འདི་བཟུམ་མའི་ མཐུན་རྐྱེན་གནང་མི་དེ་གིས་ ཁྲལ་ཡངས་ཆག་གི་ ཁེ་ཕན་ཡོདཔ་མ་གཏོགས་ ཁྲལ་བཀལ་བཀལཝ་མེདཔ་ལས་ ད་ཚུན་གྱི་བར་ན་ མི་ག་ལུ་ཡང་ གྱོང་རྒུད་ཕོག་ཕོགཔ་དང་ གནོད་པ་བྱུང་བྱུངམ་མིན་འདུག་ཟེར་ཞུ་ཡི།
དེ་གི་ཧེ་མ་ ཡོངས་ཁྲི་གིས་ བཤེར་ཡིག་བཙུགས་མི་ སྲིད་ཚོགས་ལུ་ རྩོད་གཞི་བཙུགས་དགོ་པའི་ རྒྱབ་ཁུངས་མདོར་བསྡུས་ཅིག་ ཞུ་དགོ་པའི་ གོ་སྐབས་གནངམ་བཞིན་དུ་ སྲིད་ཚོགས་ཀྱི་འཐུས་ཚབ་ ཕུར་པ་གིས་ རྩོད་གཞི་བཙུགས་མི་དེ་ རྩ་ཁྲིམས་ཆེན་མོ་སྲུང་འཛིན་འབད་ནི་དང་ དམངས་གཙོའི་རིང་ལུགས་ཀྱི་ མཐའ་དོན་ལུ་དམིགས་ཏེ་ཨིནམ་ལས་ ཁྲིམས་འདུན་གྱིས་ཡང་ ངོས་ལེན་མཛད་གནང་དགོ་ཟེར་ཞུ་ཡི།
སྲིད་ཚོགས་ཀྱིས་ སྤྱི་ཟླ་༨ པའི་ཚེས་༡༨ ལུ་ གཞུང་གིས་ སྤྱི་ཚོགས་ལས་ གནང་བ་མེད་པར་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་གནང་མི་དེ་ རྩ་ཁྲིམས་ཆོན་མོ་དང་ ཁྲིམས་ལུགས་གཞན་ དམངས་རྩིས་བཅའ་ཁྲིམས་ཚུ་ལས་ འགལ་ནུག་ཟེར་ ཆེ་མཐོ་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།
ཕུར་པ་གིས་ ཞུ་མིའི་ནང་ འབྲུག་མཉམ་རུབ་ཚོགས་པ་དེ་ ཐོ་བཀོད་གྲུབ་པའི་ སྲིད་ཚོགས་ཅིག་ཨིནམ་ལས་ འབྲུག་གི་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དོན་ཚན་༡༡༦ པ་དང་ དོན་ཚན་༣༡.༢ པའི་དགོངས་དོན་དང་འཁྲིལ་ རྩོད་གཞི་བཙུགས་ཡོད་ཟེར་ཨིན་པས།
ཚོགས་པ་དེ་ལུ་ ཐོ་བཀོད་ཅན་གྱི་ འཐུས་མི་༤༠༠ ལྷགཔ་ཅིག་ཡོད་པའི་ཁར་ སྤྱི་ལོ་༢༠༡༣ ལུ་ འགོ་ཐོག་བཙག་འཐུའི་སྐབས་ ཚོགས་རྒྱན་བརྒྱ་ཆ་༡༧ ཐོབ་ཡོདཔ་ལས་ རྩོད་གཞི་བཙུགས་ནི་གི་ དབང་ཚད་དང་ ས་ཁོངས་ཁྱབ་དབང་གཉིས་ཆ་ར་ཡོད་ཟེར་ ཕུར་པ་གིས་ ཞུ་ཡི།
ཁོ་གིས་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༤ པའི་རྩ་དོན་༡ པ་ནང་ ཁྲལ་འབབ་དང་ གླ་ཡོན་ བསྡུ་བླང་གི་ ཆ་ཤས་གཞན་ཚུ་བཀལ་བ་ ཡང་ཅིན་ སོར་བཅོས་ཚུ་ ཁྲིམས་ཐོག་མ་གཏོགས་ འབད་ནི་མེདཔ་ཨིན་རུང་ གཞུང་གིས་ ཐག་རང་བཅད་ཀྱི་ཐོག་ལས་ ཚོང་པ་སྦོམ་དག་པ་ཅིག་ལུ་ ཁྲལ་ཡངས་ཆག་གནང་སྟེ་ དྲག་ཞན་གྱི་ དབྱེ་བ་ཕྱེ་དེ་ ཕྱོགས་ལྷུང་བཟུམ་མཛད་ཡོདཔ་བཟུམ་མའི་ མཐོང་སྣང་བྱུང་ཡི་ཟེར་ཨིན་པས།
དེ་མ་ཚད་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༧ པའི་རྩ་དོན་༡༥ པའི་ནང་ ཁྲིམས་ཀྱི་འོག་ལུ་ ག་ར་འདྲ་མཉམ་ཨིནམ་དང་ དེ་ཚུ་ལུ་ གནད་དུ་སྨིན་པའི་ ཁྲིམས་ཀྱི་ཉེན་སྐྱོབ་དང་ འདྲ་མཉམ་གྱི་ ཐོབ་རིམ་ཡོདཔ་ལས་ རིགས་རུས་ ཡང་ཅིན་ ཕོ་མོ་ སྐད་ཡིག་ ཆོས་ལུགས་ སྲིད་དོན་ ཡང་ཅིན་ གནས་འབབ་གཞན་ལུ་བརྟེན་ ཕྱོགས་རིས་ཕྱེ་ནི་མེདཔ་ཨིན་རུང་ དངུལ་འབྲེལ་མཐུན་རྐྱེན་གནང་ཐོག་ལས་ ཕྱོགས་རིས་ཕྱེ་ནུག་ཟེར་ ཕུར་པ་གིས་ཞུ་ཡི།
ཁོ་གིས་འབད་བ་ཅིན་ དངུལ་འབྲེལ་མཐུན་རྐྱེན་ ཆ་འཇོག་གི་དོན་ལུ་ སྤྱི་ཚོགས་ལས་ གནང་བ་གྲུབ་དགོཔ་ཨིན་རུང་ དེ་བཟུམ་གྱི་ ལམ་ལུགས་དང་མ་འཁྲིལ་བར་ སྲིད་བྱུས་ལག་ལེན་འཐབ་པའི་སྐབས་ ཚོག་འབྲེལ་འཐབ་མི་ མང་ཤོས་ཅིག་གིས་ ཁྲལ་ཡངས་ཆག་ཐབ་ཡོདཔ་བཞིན་དུ་ དེ་གིས་ སྲིད་དོན་གྱི་ ཁེ་ཕན་ཡོད་པའི་ གནད་དོན་ལུ་ འགྱུར་ནི་གི་ ཉེན་ཁ་ཡོདཔ་མ་ཚད་ མ་འོངས་པར་ གཞུང་ག་འོང་རུང་ རྩ་ཁྲིམས་ཆེན་མོ་ལུ་ བརྩི་བཀུར་མི་འབད་ནི་དང་ ཁྲིམས་དཀྲོག་ནི་གི་ ཉེན་ཁ་ཡོད་མི་ལུ་བརྟེན་ སྲིད་ཚོགས་ཀྱིས་ ཁྲིམས་འདུན་ལས་ བཀའ་ཡིག་གི་ སྐྱབས་འཇུག་གི་དོན་ལུ་ ཞུ་བ་ཕུལ་ཡི་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཀྱིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ དངུལ་འབྲེལ་མཐུན་རྐྱེན་གནང་མི་དེ་གིས་ ཕན་པ་མ་གཏོགས་ མི་ག་ལུ་ཡང་ གནོད་པ་བྱུང་བྱུངམ་མེདཔ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ རྩོད་གཞི་ཕྱེ་དགོ་པའི་ གཞི་ཁུངས་མེད་ཟེར་ཨིནམ་ད་ གལ་སྲིད་ རྩོད་གཞི་འདི་ ཁྲིམས་འདུན་གྱིས་ ངོས་ལེན་གནང་པ་ཅིན་ ཆུ་རུད་དང་ ས་རུད་ཐོན་དོ་བཟུམ་མའི་ གཞི་ཁུངས་མེད་པའི་ རྩོད་གཞི་བཙུགས་མི་ ལེ་ཤ་འཐོན་འོང་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཞུ་ཡི།
གཞུང་གིས་ སྤྱི་ལོ་༢༠༡༦ ཟླ་༡ པ་ལས་འགོ་བཙུགས་ སྤྱི་ལོ་༢༠༡༧ ཟླ་༥ པའི་ཚེས་༧ ཚུན་ དངུལ་འབྲེལ་མཐུན་རྐྱེན་ཐོག་ལས་ དངུལ་ཀྲམ་ཐེར་འབུམ་༡.༡༠༤ དེ་ཅིག་ ཁྲལ་ཡངས་ཆག་གནང་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཀྱིས་ འབྲུག་མཉམ་རུབ་ཚོགས་པའི་ བརྒལ་ལན་ལུ་ བཤེར་ཡིག་ཆ་མེད་གཏང་དགོ་པའི་ གནད་ཁུངས་ཚུ་ སྤྱི་ཟླ་༡༠ པའི་ཚེས་༢༥ ལུ་ ཡིག་ཐོག་ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *