འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་དྲང་དཔོན་མཐར་ཕྱིན་གྱིས་ བརྡ་བརྒྱུདཔ་ཚུ་ལུ་ གསལ་བཤད་འབད་བའི་བསྒང་།

རྩོད་གཞི་ཕྱེ་འཕྲོ་ཡོད་རུང་ གནད་དོན་ངོ་མ་ གསལ་བཀོད་འབད་བ་ཅིན་ ཁྱད་མེདཔ།

༉ ཁྲིམས་ཀྱི་འདུན་སར་ རྩོད་གཞི་ཕྱེ་བའི་བསྒང་ ཡོད་མི་ཚུ་ལུ་ དབྱེ་དཔྱད་ཐོག་ བསམ་འཆར་བཀོད་ནི་དང་ གནད་དོན་གཞན་གསལ་བཀོད་འབད་ནི་ དེ་ལས་ མི་སྡེའི་བརྡ་བརྒྱུད་ཚུ་ནང་ བཙུགས་ནི་ལ་སོགས་པ་ཚུ་ འབད་མི་ཆོག་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ བརྡ་བརྒྱུད་དང་ དྲང་ཁྲིམས་ལྷན་སྡེའི་ གྲོས་བསྡུར་ཞལ་འཛོམས་སྐབས་ བརྡ་བརྒྱུདཔ་དང་ དྲང་དཔོན་ཚུ་གིས་ ཁྲིམས་ཀྱི་འདུན་སར་ རྩོད་གཞི་ཕྱེ་འཕྲོ་ཡོད་མི་ཚུ་ལུ་ གནས་ཚུལ་གསལ་བཀོད་འབད་ཆོག་མི་ཆོག་གི་སྐོར་ གྲོས་བསྡུར་འབདཝ་ད་བཤད་ཅི།
འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་དྲང་དཔོན་ མཐར་ཕྱིན་གྱིས་ སླབ་མིའི་ནང་ རྒྱལ་སྤྱིའི་ཁྲིམས་འདུན་ཚུ་ནང་ཡང་ མི་མང་གི་ བསམ་འཆར་ཐོབ་དབང་དང་ ཉེ་རིང་མེད་པའི་ དྲང་ཁྲིམས་བྱིན་ནི་ གཞུང་གི་འགན་ཁུར་༢ ཀྱི་བར་ན་ ཁྱད་མཉམ་འབད་མ་ཚུགས་པའི་ དཀའ་ངལ་ཐོན་ཏེ་ཡོད་ཟེར་ཨིན་པས།
ཁྲིམས་ཀྱི་འདུན་སར་ རྩོད་གཞི་ཕྱེ་བའི་བསྒང་ཡོད་མི་ཚུ་ བསམ་འཆར་ཐོབ་དབང་ འོང་སྲིད་ནི་ཨིན་རུང་ དྲང་ཁྲིམས་དང་ ཉེས་འཛུགས་ཅན་ཚུ་ལུ་ དྲང་བདེན་གྱི་ ཁྲིམས་བཤེར་སྤྲོད་ནི་ཚུ་ཡང་ གལ་ཆེ་ནི་ཟེར་ཨིནམ་ལས་ རྩོད་གཞི་ཕྱེ་འཕྲོ་སྐབས་ བསམ་འཆར་བཀོད་པ་ཅིན་ དེ་གིས་ འཁྲུན་ཆོད་ལུ་ རྒྱུད་བསྐུལ་འབད་ནི་གི་ ཉེན་ཁ་ཡོད་ཟེར་ དྲང་དཔོན་མཐར་ཕྱིན་གྱིས་ བཤད་ཅི།
ཆེ་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ ལུང་བསྟན་གྲུབ་འགྱུར་གྱིས་ སླབ་མིའི་ནང་ རྩོད་བཤེར་འབད་བའི་བསྒང་ཡོད་མི་ཚུ་ལུ་ རྩ་ཕན་ཚུ་གིས་ སྙན་གསན་ནང་ ཞུ་མི་ཚུ་ ག་ཨིནམ་སྦེ་ གནས་ཚུལ་ཁྱབ་སྤེལ་འབད་བ་ཅིན་ མ་བཏུབ་མེད་ཟེར་ཨིན་རུང་ འཁྲུན་ཆོད་ལུ་ རྒྱུད་བསྐུལ་འབད་སྲིད་པའི་ བསམ་འཆར་བཀོད་ནི་དང་ བརྡ་བརྒྱུད་ཀྱིས་ ཐག་བཅད་དོ་བཟུམ་མའི་ གནས་ཚུལ་གསརལ་བཀོད་འབད་ནི་ལ་སོགས་པ་ མི་ཆོག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པར་ བརྡ་བརྒྱུདཔ་ཚུ་གིས་ རྩོད་བཤེར་འབད་མི་ཚུ་ལུ་ དྲང་བདེན་ཐོག་ལས་ གནས་ཚུལ་བསྡུ་བཀོད་འབད་དེ་ མི་མང་ལུ་ ཁྱབ་སྤེལ་འབད་དོ་ཡོདཔ་ལས་ མ་བཏུབ་མིན་འདུག་ཟེར་ཨིན་པས།
ཐིམ་ཕུག་རྫོང་ཁག་གི་དྲང་དཔོན་ བློ་བཟང་རིག་འཛིན་ཡར་རྒྱས་ཀྱིས་ བརྡ་བརྒྱུདཔ་ཚུ་གིས་ གནས་ཚུལ་བསྡུ་བཀོད་འབད་བའི་སྐབས་ གྲོས་ཆོད་དང་ འཁྲུད་ཆོད་ཚུ་ལུ་ ཐོ་མ་ཕོགཔ་སྦེ་ འབད་དགོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *