རྩོད་གཞི་ཕྱིར་བཏོན་འབད་མི་དེ་ ཁྲིམས་མཐུན་ཨིན་ན?

༉ འཕྲལ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་གྱིས་ དངུལ་བཏོན་ཤོག་བྱང་ ཨེ་ཏི་ཨེམ་ལོག་སྤྱོད་ཐོག་ ཚོང་འབྲེལ་འཐབ་མིའི་ནང་ རྩོད་ཟླ་༥༡ ལུ་ ཉེས་འཛུགས་འབད་ཡོད་མིའི་གྲས་ལས་༢༣ གྱི་ རྩོད་བཤེར་ཕྱིར་བཏོན་འབད་དགོཔ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཀའ་རྒྱ་གནངམ་བཞིན་དུ་ རྒྱལ་ཁམས་ཀྱི་ ཁྲིམས་རྩོདཔ་གིས་ ཕྱིར་བཏོན་འབད་ནུག།
ཁྲིམས་འདུན་གྱིས་ བཀའ་རྒྱ་གནང་མི་དེ་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་བཤེར་འབད་བའི་ ནམ་དུས་ལུ་ རྩོད་ཟླ་ཚུ་ ཁྲིམས་ཀྱི་འདུན་སར་ བསྐྱལ་མ་ཚུགས་མི་ལུ་བརྟེན་ཨིན་མས།
མ་གཞི་ ཁྲིམས་འདུན་གྱིས་ ཉེས་བཤེར་ངོ་ཚབ་ལུ་ རྩོད་ཟླ་ཚུ་ ཁྲིམས་འདུན་ལུ་ བཅར་ནི་གི་ དུས་ཚོད་ལངམ་སྦེ་ གནང་ཡོད་རུང་ ཁོང་གི་ཁ་བྱང་དང་ འབྲེལ་བ་འཐབ་སའི་ བརྒྱུད་འཕྲིན་ཨང་གྲངས་ཚུ་ མེད་ནི་དེ་གིས་ ཁྲིམས་སར་བསྐྱལ་མ་ཚུགས་པས།
འདི་འབདཝ་ད་ ཁྲིམས་འདུན་ལས་ རྩོད་གཞི་ཕྱིར་བཏོན་འབད་བཅུག་མི་དང་ ཉེས་བཤེར་འབད་མིའི་ ཁ་ཐུག་ལས་ཡང་ གསལ་ཞུ་ག་ནི་ཡང་ མ་འབད་བར་ ཐད་ཀར་དུ་ རྩོད་གཞི་ཕྱིར་བཏོན་འབད་མི་དེ་ལུ་ སྤྱིར་བཏང་གི་ མཐོང་སྣང་ལུ་ ཁྲིམས་མཐུན་མེནམ་བཟུམ་དང་ དེ་གིས་ ཚུལ་ལྡན་མེད་པའི་ མིག་དཔེ་ཅིག་ སྲོལ་གཏོད་འབད་དོ་བཟུམ་ མཐོངམ་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ རྩོད་གཞི་ཕྱིར་བཏོན་འབད་མི་དེ་གིས་ ང་བཅས་རའི་ མི་ཚུ་ལུ་ ཉེས་ལས་འཐབ་པའི་ཤུལ་ལུ་ བྱོག་འགྱོ་ནི་ལུ་ སེམས་ཤུགས་བསྐྱེད་ནི་གི་ འོས་འབབ་ཡོད་མི་ལུ་བརྟེན་ཨིན་མས།
ཨིན་རུང་ ཁྲིམས་འདུན་གྱིས་ དངུལ་བཏོན་ཤོག་བྱང་ཚོང་འབྲེལ་འཐབ་པའི་ རྩོད་དོན་ནང་ ཁྲིམས་ཀྱི་འདུན་སར་ བསྐྱལ་མ་ཚུགས་མི་ རྩོད་ཟླ་ཚུ་གི་ རྩོད་དོན་ཕྱིར་བཏོན་འབད་དགོ་པའི་ བཀའ་རྒྱ་གནང་མི་དེ་ རྩོད་བཤེར་བཤོལ་བཞག་འབདཝ་མེན་པར་ གནས་སྐབས་ཅིག་གི་དོན་ལུ་ ཕར་བཤུད་རྐྱབ་པའི་ཚུལ་ཨིན་མི་དེ་ཡང་ གལ་སྲིད་ རྩོད་ཟླ་ཚུ་ ཤུལ་ལས་ འཚོལ་ཐོབ་པ་ཅིན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་གཞི་ལོག་ཕྱེ་ཆོགཔ་ཨིན་མས།
དེ་ཡང་ དཔེར་ན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་ཀྱི་བཀའ་རྒྱ་དང་འཁྲིལ་ རྩོད་དོན་ཕྱིར་བཏོན་འབད་བའི་ ནམ་དུས་ལུ་ རྩོད་ཟླ་༣ ཁྲིམས་ཀྱི་འདུན་སར་ བཅར་ཡོདཔ་ལས་ དྲང་དཔོན་གྱིས་ ཕྱིར་བཏོན་བཀའ་རྒྱ་ཆ་མེད་ཐོག་ སྙན་གསན་མཛད་ནི་ འགོ་བཙུགས་ནུག།
དེ་གི་ནང་དོན་ཉིད་ལས་ ཉེས་རྩོད་ཚུ་གི་ཐད་ལུ་ དུས་ཚོན་ངེས་བཟུང་མེདཔ་ལས་ གོང་ལུ་གསལ་བཀོད་འབད་དོ་བཟུམ་ ཉེས་འཛུགས་ཅན་དེ་ ནམ་བདའ་ཟུནམ་ཅིག་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་ཆོགཔ་བཞིན་དུ་ རྩོད་དོན་ལ་ལོ་ཅིག་ནང་ རྩོད་ཟླ་ཚུ་ སྙན་གསན་སྐབས་མེད་རུང་ སྐབས་སུ་བབས་པའི་ གནས་སྟངས་དང་འཁྲིལ་ ཁྲིམས་འདུན་ལས་ རྩོད་ཟླ་མེད་པའི་ འཁྲུན་ཆོད་གནང་ནི་ཡོདཔ་ཨིན་མས།
ཕུན་ཚོགས་གླིང་གི་ རྩོད་དོན་ཚུ་ལུ་ བལྟ་བ་ཅིན་ བྱ་བའི་གནད་སྤྱོད་ནང་ དུམ་གྲ་ཅིག་ ནོར་འཁྲུལ་ཞུགས་དོ་བཟུམ་ཡོདཔ་ད་ ག་འཆརཔ་ཟེར་བ་ཅིན་ ཉེས་བཤེར་ངོ་ཚབ་ཀྱིས་ ཐད་ཀར་དུ་ རྩོད་གཞི་ཕྱིར་བཏོན་འབད་ནི་མེན་པར་ ཁྲིམས་འདུན་ལུ་ ཉེས་འཛུགས་ཅན་ཚུ་ ཁྲིམས་བརྒྱུད་དེ་ འབོད་བཀུག་གནང་དགོ་པའི་སྐོར་ ཡིག་ཐོག་ལུ་ ཞུ་བ་ཕུལ་དགོཔ་ཅིག་ཨིན་མས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་གཞི་ཕྱིར་བཏོན་འབད་ནིའི་ཐད་ལུ་ རྒྱུ་རྐྱེན་༢ ནང་རྐྱངམ་གཅིག་ ཕྱིར་བཏོན་འབད་ནིའི་ དབང་ཚད་ཡོད་མི་དེ་ཡང་ ཉེས་འཛུགས་ཅན་དེ་ ཚེ་ལས་འདས་ཡོད་པ་ཅིན་དང་ རྒྱུ་རྐྱེན་གཞན་དེ་ ཉེས་ལས་འཐབ་ཡོད་པའི་ ཁ་ཉེས་ཕོག་མིའི་སྐོར་ ཐེ་ཚོམ་ལས་གྲོལ་བའི་ སྒྲུབ་བྱེད་གསལ་སྟོན་འབད་མ་ཚུགས་པ་ཅིན་རྐྱངམ་གཅིག་ ཕྱིར་བཏོན་འབད་ཆོགཔ་ཨིན་མས།
ཨིན་རུང་ ད་རེས་ རྩོད་གཞི་ཕྱིར་བཏོན་དང་འབྲེལ་བའི་ གནད་དོན་ཐོན་མི་དེ་ ཁྲིམས་མཐུན་ཨིན་མེན་སྐོར་ ཁྲིམས་འདུན་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སེལ་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་གྱིས་ ཆེ་མཐོ་ཁྲིམས་འདུན་ལུ་མཐོ་གཏུགས།

༉ གྱེན་ལོག་དམག་རྒོལ་རྒྱུད་བསྐུལ་གྱི་ རྩོད་བཤེར་ནང་ བཙོན་ཁྲིམས་ཕོགས་མི་༤ གི་གྲས་ལས་ མངོན་མཐོ་ཁྲིམས་འདུན་གྱི་ རྒན་རིམ་མཐོ་ཤོས་ཀྱི་དྲང་དཔོན་ ཀུན་ལེགས་ཚེ་རིང་གི་ ངོ་ཚབ་ཀྱིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *