གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་དང་ བློན་ཆེན་ཚེ་རིང་སྟོབས་རྒྱས།

རྩིས་ལོ་༢༠༡༧-༡༨ ལུ་ རྫོང་ཁག་རེ་ནང་ ཉུང་ཤོས་ཌོག་ཊར་༣ རེ་ བཙུགས་ཚུགསཔ་འབད་ནི།

༉ གསོ་བའི་ལྷན་ཁག་གིས་ རྩིས་ལོ་༢༠༡༧-༡༨ ལུ་ རྫོང་ཁག་རེ་ནང་ ཉུང་ཤོས་ར་ ཌོག་ཊར་༣ རེ་ གཏང་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།
དེ་དང་གཅིག་ཁར་ ནད་གཞི་ངོས་འཛིན་དང་ སྨན་བཅོས་ཞབས་ཏོག་ ཡར་དྲག་གཏང་ནིའི་དོན་ལུ་ གསོ་བའི་སྨན་གཡོགམོ་ཚུ་གི་ མི་སྟོབས་ཡང་ ཡར་སེང་འབད་དེ་ སྤྱི་ལོ་༢༠༡༨ ཟླ་༡ པའི་ནང་ གཞི་རྟེན་སྨན་ཁང་སྡེ་རིམ་༢ པ་ ག་རའི་ནང་ ནདཔ་གི་ཉལ་ཁྲི་༦ རེ་ལུ་ སྨན་གཡོགམོ་རེ་ ཁྱབ་ཚུགསཔ་བཟོ་ནི་ཨིན་པས།
དེ་ཡང་ ཁ་ཙ་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་དང་ བློན་ཆེན་ཚེ་རིང་སྟོབས་རྒྱས་གཉིས་ཀྱི་བར་ན་ མཚན་རྟགས་བཀོད་མི་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་ ཆིངས་ཡིག་ནང་ བཀོད་དེ་འདུག།
དེ་བཟུམ་སྦེ་ རྒྱལ་ཡོངས་ནང་ ནད་བརྟག་གི་དོན་ལུ་ ཕྱི་སྡོད་ནདཔ་ཚུ་ བསྒུག་དགོ་པའི་ དུས་ཡུན་དེ་ཡང་ དྲོ་པའི་ཆུ་ཚོད་༩ ལས་༡༡ ཚུན་ བཟོ་ནི་ཨིན་པས།
གསོ་བའི་ཞབས་ཏོག་ནང་ མཁོ་གལ་ཆེ་བའི་ སྨན་རིགས་བརྒྱ་ཆ་༩༥ ནམ་ར་འབད་རུང་ འཐོབ་ཚུགསཔ་སྦེ་ བཞག་ནི་དང་ སྨན་རིགས་ཚུ་ དོན་སྨིན་ཅན་གྱི་སྒོ་ལས་ ལག་ལེན་འཐབ་ནིའི་དོན་ལུ་ སྨན་རིགས་འཕྲོ་བརླགས་ བརྒྱ་ཆ་༥ ལས་ ཉུངམ་ཅིག་ལུ་ མར་ཕབ་འབད་ནི་ཨིན་པས།
ད་རུང་ གསོ་བའི་ལྟེ་བ་ཚུ་ནང་ གསོ་བའི་འཕྲུལ་ཆས་ཚུ་ཡང་ ཨ་རྟག་ར་ ལག་ལེན་ཐོག་ལུ་ར་ བཞག་ནི་དང་ ནདཔ་སྐྱེལ་ལེན་སྣུམ་འཁོར་གྱི་ ཞབས་ཏོག་ཚུ་ཡང་ ཡར་དྲག་གཏང་ནི་ཨིན་པས།
རྫོང་ཁག་ག་རའི་ནང་ མི་རྒན་ཤོས་ཚུ་ལུ་ གཅེས་སྐྱོང་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་དང་ དགེ་ལེགས་ཕུག་ལུ་ ནདཔ་༡༥༠ ཤོང་བའི་ ལུང་ཕྱོགས་སྨན་ཁང་ལྟེ་བ་དང་ ནདཔ་༤༠ ཤོང་མི་ རྩི་རང་སྨན་ཁང་ བཟོ་སྐྲུན་གྲུབ་འབྲས་ཚུ་ ལྟ་རྟོག་འབད་ནི་ཨིན་པས།
བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་ལུ་ ནདཔ་༤༠ ཤོང་བའི་ སྨན་ཁང་དང་ ནདཔ་༡༥༠ ཤོང་བའི་ ཨའི་དང་ཨ་ལོའི་་སྨན་ཁང་ ཧཱ་ལུ་ ནདཔ་༢༠ ཤོང་བའི་ སྨན་ཁང་ཚུ་ འཕྲོ་མཐུད་རྐྱབ་ནི་ཨིན་པས།

བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་དང་ འབྲུག་གསོ་བའི་བློ་གཏད་མ་དངུལ་གྱི་ བཀོད་ཁྱབ་མདོ་ཆེན་ བསོད་ནམས་ཕུན་ཚོགས་ཀྱིས་ ལས་འབྲེལ་ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་བསྒང་།

དེ་ལས་ རྫོང་ཁག་ཚུ་ནང་ སྐྱེས་ལོ་༡ མན་ཆད་འབད་མི་ ཨ་ལོ་ཚུ་ལུ་ སྨན་ཁབ་ཀྱི་ཞབས་ཏོག་ བརྒྱ་ཆ་༩༥ ཁྱབ་ཚུགསཔ་འབད་ནི་དང་ གཡུས་སྒོ་ཚུ་ནང་ འཕྲོད་བསྟེན་གྱི་གནས་སྟངས་ བརྒྱ་ཆ་༨༠ ལུ་ ཡར་སེང་འབད་ནི་ཨིན་པས།
ཁ་ཙ་ འབྲུག་གསོ་བའི་བློ་གཏད་མ་དངུལ་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ དེ་ལས་ གཞན་ཡང་ གསོ་བའི་ལྷན་ཁག་དང་ འབྲེལ་བ་ཡོད་པའི་ ལས་སྡེ་གཞན་ཚུ་གིས་ཡང་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཅི།
གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ བཤད་མིའི་ནང་ གཞུང་གིས་ སྤྱི་ལོ་༢༠༡༨ ལུ་ འབྲུག་གསོ་བའི་བློ་གཏད་མ་དངུལ་དེ་ དངུལ་ཀྲམ་ཐེར་འབུམ་༣ ལུ་ ཡར་སེང་འབད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་བཞིན་དུ་ དུས་ཅི་ དངུལ་ཀྲམ་ས་ཡ་༥༠༠ རྒྱབ་སྐྱོར་སྦེ་ གནང་ནི་ཟེར་ཨིན་པས།
གསོ་བའི་བློན་པོ་གིས་ འབད་བ་ཅིན་ ད་ལྟོ་ སྤྱི་ལོ་༢༠༡༦-༡༧ གྱི་ གྲུབ་འབྲས་ཚུ་ ཁོང་ར་གིས་ དབྱེ་དཔྱད་འབད་བའི་སྐབས་ གྲུབ་འབྲས་བརྒྱ་ཆ་༩༧ ཐོན་ཏེ་ཡོད་ཟེར་ཨིནམ་ད་ ད་ལས་ཕར་འབད་རུང་ རྩ་འགེངས་ཏེ་ ཕྱག་ཞུ་ནི་ཟེར་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ འབྲུག་ལུ་ གསོ་བའི་སྐྱིད་སྡུག་གི་ ལམ་ལུགས་དེ་ རྒྱལ་ཁབ་གཞན་དང་ མ་འདྲཝ་ཅིག་ཡོདཔ་ལས་ བདག་འཛིན་འཐབ་སྟེ་ ལཱ་འབད་མི་ གསོ་བའི་ལས་བྱེདཔ་ག་ར་ལུ་ ངལ་རངས་ཡོད་ཟེར་ཨིན་པས།
ད་ལྟོ་ཚུན་ རྒྱལ་ཁབ་ནང་ རྫོང་ཁག་སྨན་ཁང་༢༥ དང་ གཞི་རྟེན་སྨན་ཁང་སྡེ་རིམ་དང་པ་༢༦ སྡེ་རིམ་༢ པ་༡༨༦ ཡན་ལག་སྨན་ཁང་༢༩ གྲོང་གསེབ་སྨན་བཅོས་ཁང་༥༦༥ གཞི་བཙུགས་འབད་དེ་ ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *