༉ རྒྱ་གར་ལས་ ཚོང་འབྲེལ་འཐབ་མི་ འདྲ་མཉམ་འཚམས་ གནས་ཡོད་རུང་ འབྲུག་གིས་ རྒྱ་གར་ལུ་ ཕྱིར་ཚོང་འཐབ་མི་དེ་ ནང་འདྲེན་ལས་ལྷག་སྟེ་ ཡར་སེང་འགྱོཝ་མས་ཟེར་ རྒྱ་གར་གྱི་ ཚོང་འབྲེལ་དང་ བཟོ་གྲྭའི་དྲུང་ཆེན་ རི་ཏ་ ཏིའུ་ཤི་ཡ་གིས་ བཤད་པའི་ཁར་ དེ་སྦེ་ ཕྱིར་ཚོང་ཡར་སེང་འགྱོ་མི་དེ་ ལེགས་ཤོམ་ཨིན་མས་ཟེར་ བཤད་ཅི།
དེ་ཡང་ ཁ་ཙ་ ཐིམ་ཕུག་ལུ་ འགོ་བཙུགས་མི་ འབྲུག་དང་ རྒྱ་གར་གྱི་ ཚོང་འབྲེལ་དང་ བརྒྱུད་འགྲུལ་སྐོར་ ཟུང་ཕྱོགས་ཞལ་འཛོམས་ཉིན་གྲངས་༢ འབད་མི་དེ་ རྒྱ་གར་གྱི་ ཚོང་འབྲེལ་དྲུང་ཆེན་གྱིས་ འགོ་ཁྲིད་ཐོག་ལས་དང་ བསྟན་རྒྱས་ལྷན་ཁག་གི་དྲུང་ཆེན་ དྲགོས་ཡེ་ཤེས་དབང་འདུས་ཀྱིས་ འབྲུག་གི་སྡེ་ཚན་ འགོ་ཁྲིད་དེ་ གསུང་གྲོས་གནངམ་ཨིན་པས།
དྲུང་ཆེན་རི་ཏ་ ཏིའུ་ཤི་ཡ་གིས་འབད་བ་ཅིན་ འབྲུག་གི་ཕྱིར་ཚོང་ཅ་ཆས་ཆ་མཉམ་གྱི་གྲས་ལས་ བརྒྱ་ཆ་༧༨ རྒྱ་གར་ལུ་ བཙོངམ་བཞིན་དུ་ ཟུང་ཕྱོགས་ཚོང་འབྲེལ་དེ་ སྤྱི་ལོ་༢༠༡༥-༡༦ ལུ་ དངུལ་ཀྲམ་ས་ཡ་༧༥༠ ལས་ སྤྱི་ལོ་༢༠༡༦-༡༧ ལུ་ དངུལ་ཀྲམ་ས་ཡ་༨༡༧ ལུ་ ཡར་འཕར་སོང་པའི་ཁར་ སྤྱི་ལོ་༢༠༡༧-༡༨ ལུ་ དངུལ་ཀྲམ་ས་ཡ་༩༠༩ ལུ་ ཡར་སེང་སོང་ནུག་ཟེར་ཨིན་པས།
ཚོང་འབྲེལ་གྱི་ འབོར་ཚད་དེ་ འཕྲོ་མཐུད་དེ་ར་ ཡར་འཕར་སོང་ཡོདཔ་ལས་ ངལ་རངས་དགོ་པའི་ གཞི་ཁུངས་ཅིག་ཨིན་མས་ཟེར་ མོ་གིས་ བཤད་ཅི།
དྲགོས་ཡེ་ཤེས་དབང་འདུས་གྱིས་ བཤད་མིའི་ནང་ རྒྱ་གར་དེ་ ནང་འདྲེན་དང་ ཕྱིར་ཚོང་གཉིས་ཆ་རའི་ནང་ འབྲུག་གི་དོན་ལུ་ ཚོང་འབྲེལ་མཉམ་རོགས་གཙོ་ཅན་ཅིག་ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ རྒྱ་གར་དང་ འབྲུག་གི་བར་ན་ དངུལ་ཀྲམ་ཐེར་འབུམ་༨༥.༥༩ དེ་ཅིག་གི་ ཟུང་ཕྱོགས་ཚོང་འབྲེལ་འཐབ་མི་དེ་ འབྲུག་གི་ཚོང་འབྲེལ་ཡོངས་བསྡོམས་ བརྒྱ་ཆ་༨༢.༠༧ གི་རྩིས་ཨིནམ་ད་ འབྲུག་གིས་ རྒྱ་གར་ལས་ དངུལ་ཀྲམ་ཐེར་འབུམ་༨༡.༦ དེ་ཅིག་ ནང་འདྲེན་འབད་མི་དང་ཕྱདཔ་ད་ ཕྱིར་ཚོང་དངུལ་ཀྲམ་ཐེར་འབུམ་༥༣.༩༧ འབད་ནུག།
ད་རེས་ནངས་པར་ གཏན་འཇགས་ཀྱི་ ཅ་དམ་ཡིག་ཚང་༨ དང་ དུས་ཚོད་དང་བསྟུན་པའི་ ས་ཐོག་ཅ་དམ་ཡིག་ཚང་༡ ཡོད་མི་ལས་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ཡོད་མི་ ཅ་དམ་ཡིག་ཚང་གཅིག་གིས་ འབྲུག་གི་ཚོང་འབྲེལ་བརྒྱ་ཆ་༩༠ ལག་ལེན་འཐབ་དོ་ཡོདཔ་ད་ རྒྱ་གར་གྱིས་ ཇའི་སྒང་ལུ་ གཅིག་བསྡོམས་ཞིབ་དཔྱད་ཁང་ཅིག་ བཟོ་དགོ་པའི་ གྲོས་འཆར་བཀོད་ཡོདཔ་བཞིན་དུ་ དེ་གིས་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཚོང་འབྲེལ་ལྷག་པར་དུ་ གོང་འཕེལ་འགྱོ་ནི་གི་ རེ་བ་ཡོདཔ་ཨིན་པས།
འབྲུག་གཞུང་གིས་ ཞུ་བ་འབདཝ་བཞིན་དུ་ རྒྱ་གཞུང་གིས་ ཨ་སམ་གྱི་ས་གནས་ རང་ག་པ་ནི་དང་ ནུབ་བེང་གཱལ་གྱི་ས་གནས་ བིར་པ་ར་ལུ་ ཚོང་འབྲེལ་རྒྱུན་ལམ་དང་ ཅ་དམ་ཡིག་ཚང་རེ་ གཞི་བཙུགས་འབད་དགོ་པའི་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
དྲུང་ཆེན་རི་ཏ་ཏིའུ་ཤི་ཡ་གིས་འབད་བ་ཅིན་ འབྲུག་གིས་ བང་ལ་དེཤ་དང་ འབྲུག་ རྒྱ་གར་ ནེ་པཱལ་རྒྱལ་ཁབ་༤ གི་ སྣུམ་འཁོར་འགྲུལ་སྐྱོད་ཆིངས་ཡིག་ནང་ ག་དེ་མགྱོགས་མགྱོགས་ འཛུལ་ཞུགས་འབད་བ་ཅིན་ རྒྱ་གར་དེ་ སེམས་དགའ་ནི་མས་ཟེར་ཨིན་པའི་གནས་ཚུལ།