རྩིས་འགྲིགས་མ་འབད་བའི་ ཚུལ་མིན་དངུལ་འབོར་བརྒྱ་ཆ་༡༢.༤ ཡར་སེང་།

དེ་ཡང་ སྤྱི་ལོ་༢༠༡༥ ལུ་ ཚུལ་མིན་བསྡོམས་ དངུལ་ཀྲམ་ས་ཡ་༥༢༣ ལྷགཔ་ཅིག་ཡོད་མི་ལས་ འདས་པའི་ལོ་ནང་ དངུལ་ཀྲམ་ས་ཡ་༥༨༨.༧༨༤ ལུ་ ཡར་འཕར་སོང་ནུག།

༉ ཁ་ཙ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ལོ་བསྟར་རྩིས་ཞིབ་སྙན་ཞུ་༢༠༡༦ ཅན་མ་ གསར་བཏོན་འབད་མིའི་ནང་ ལས་སྡེ་ཁག་ཚུ་ནང་ རྩིས་འགྲིགས་མ་འབད་བའི་ ཚུལ་མིན་ཚབས་ཆེན་གྱི་ གནད་དོན་དང་ དེ་བསྟུན་གྱི་ དངུལ་འབྲེལ་གནོད་པ་ དངུལ་ཀྲམ་ས་ཡ་༥༨༨.༧༨༤ བྱུང་ནུག་ཟེར་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༡༥ ལུ་ རྩིས་ཁ་མ་མཉམ་པའི་ ཚུལ་མིན་གྱི་ དངུལ་འབོར་བསྡོམས་ དངུལ་ཀྲམ་ས་ཡ་༥༢༣.༧༤༤ སྙན་ཞུ་འབད་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༦ ལུ་ བརྒྱ་ཆ་༡༢.༤༢ ཡར་སེང་སོང་ནུག།
རྩིས་འགྲིགས་མ་འབད་བའི་ ཚབས་ཆེན་གྱི་ གནད་དོན་ཚུ་ནང་ ཚུད་ཡོད་མི་ཚུ་ཡང་ གཞུང་གི་ལྷན་ཁག་༩ དང་ རྫོང་ཁག་བདག་སྐྱོང་༡༤ རྫོག་ཁག་༡༣ གྱི་ རྒེད་འོག་བདག་སྐྱོང་༢༠ རང་སྐྱོང་ལས་སྡེ་༡༢ ལས་འཛིན་༡༢ དངུལ་འབྲེལ་ལས་ཁང་༤ དེ་ལས་ གཞུང་མིན་ལས་སྡེ་༢ ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ འཆར་དངུལ་ལས་སྡེ་ཚུ་གི་འོག་ལུ་ རྩིས་འགྲིགས་མ་འབད་བར་ ཚུལ་མིན་གྱི་ དངུལ་འབོར་ལས་ མཐོ་ཤོས་ར་ ཞབས་ཏོག་ལྷན་ཁག་ནང་ དངུལ་ཀྲམ་ས་ཡ་༡༦༩.༨༩༣ དང་ དེ་གི་འོག་ལས་ར་ རང་སྐྱོང་འདུས་ཚོགས་ནང་ དངུལ་ཀྲམ་ས་ཡ་༡༠༤.༢༩༦ དེ་ལས་ བརྡ་བརྒྱུད་ལྷན་ཁག་ནང་ དངུལ་ཀྲམ་ས་ཡ་༦༩.༢༩༢ སྙན་ཞུ་འབད་དེ་འདུག།
འཆར་དངུལ་མིན་པའི་ ལས་སྡེའི་འོག་ལུ་ ཚུལ་མིན་གྱི་ ཡོངས་བསྡོམས་ལས་ མཐོ་ཤོས་ར་ འབྲུག་གློག་མེ་ལས་འཛིན་ནང་ དངུལ་ཀྲམ་ས་ཡ་༣༩.༡༧༣ དང་ དེ་གི་འོག་ལས་ འབྲུག་རྒྱལ་ཉེན་བཅོལ་ལས་འཛིན་ནང་ དངུལ་ཀྲམ་ས་ཡ་༡༩.༣༨༨ དང་ གདུང་བསམ་རྩི་ས་ལས་འཛིན་ནང་ དངུལ་ཀྲམ་ས་ཡ་༡༨.༩༣༥ དེ་ལས་ འབྲུག་ལྟ་བཤལ་ལས་སྤྱོད་མཐུན་ཚོགས་ནང་ དངུལ་ཀྲམ་ས་ཡ་༡༢.༩༦༤ ཡོད་པའི་སྙན་ཞུ་འབད་ནུག།
རྩིས་ཞིབ་སྙན་ཞུ་ནང་ མངོན་གསལ་གྲུབ་འབྲས་ཚུ་ སྡེ་ཚན་གཙོ་བོ་༤ ལུ་ དབྱེ་སྟེ་ཡོད་པའི་གྲས་ལས་ ཆད་སྐྱོན་དང་ ནོར་འཁྲུལ་ གནོད་སྐྱོན་གྱི་ དབྱེ་སྡེའི་འོག་ལུ་ དངུལ་ཀྲམ་ས་ཡ་༣༦༧.༣༢༠ ཚུད་མི་དེ་ ཚུལ་མིན་ཚབས་ཆེན་ནང་ རྩིས་འགྲིགས་མ་འབད་བའི་ དངུལ་འབོར་མཐོ་ཤོས་ཨིན་པས།
དེ་གི་འོག་ལས་ དངུལ་ཀྲམ་ས་ཡ་༡༥༩.༧༩༧ ཁྲིམས་ལུགས་དང་ བཅའ་ཡིག་ཚུ་ལས་འགལ་བའི་ དབྱེ་སྡེའི་འོག་ལུ་དང་ དངུལ་ཀྲམ་ས་ཡ་༥༢.༢༥༩ ཚུལ་མིན་འཛིན་སྐྱོང་གི་འོག་ལུ་ སྙན་ཞུ་འབད་དེ་ཡོད་པའི་ཁར་ གཡོ་ཟོལ་དང་ ངན་ལྷད་ ལོག་སྤྱོད་ཀྱི་ དབྱེ་སྡེའི་འོག་ལུ་ དངུལ་ཀྲམ་ས་ཡ་༩.༤༠༨ གསལ་བཀོད་འབད་ནུག།
གཡོ་ཟོལ་དང་ ངན་ལྷད་ ལྐོག་ཟའི་དབྱེ་སྡེའི་ནང་ ཚུལ་མིན་ཚབས་ཆེན་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༩.༤༠༨ སྙན་ཞུ་འབད་ཡོད་མི་ལས་ དངུལ་ཀྲམ་ས་ཡ་༨.༠༣༩ ལྷན་ཁག་ཚུ་ནང་ཨིནམ་ད་ རང་སྐྱོང་འདུས་ཚོགས་ཚུ་ནང་ དངུལ་ཀྲམ་ས་ཡ་༡.༣༣༤ དང་ རྒེད་འོག་ཚུ་ནང་ དངུལ་ཀྲམ་ས་ཡ་༠.༠༣༥ ཨིན་པས།


རྩིས་ཞིབ་སྙན་ཞུའི་ནང་ གཡོ་ཟོལ་དང་ ངན་ལྷད་ཀྱི་ གནད་དོན་དེ་ ཚབས་ཆེན་གྱི་ དངུལ་འབོར་བྱུང་སྟེ་ཡོད་མི་ ལས་སྡེ་དག་པ་ཅིག་ གསལ་བཀོད་འབད་མི་དེ་ཡང་ ཤེས་རིག་ལྷན་ཁག་གིས་ རྒྱལ་སྤྱི་གྲོགས་རམ་ལས་འགུལ་གྱི་ མ་དངུལ་ཐོག་ལས་ དངུལ་ཀྲམ་ས་ཡ་༦.༦༦༥ གནས་པའི་ སྨིན་རྒྱས་སློབ་གྲྭ་བར་མའི་ནང་ རྩིག་སྐྱོར་བཟོ་སྐྲུན་གྱི་ལཱ་ནང་ གནས་སྟངས་ངོ་མའི་ བརྡ་དོན་ཕྱི་འགྱུར་སྦེ་ སྤྲོད་ནུག་ཟེར་ཨིན་པས།
སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་གིས་ ཉེན་སྲུང་བཙུགས་བཞག་དང་ གོང་འཕེལ་མ་དངུལ་ དེ་ལས་ རང་སོའི་སློབ་འཐུས་དང་ ལན་ཤོག་ཞིབ་དཔྱད་བསྐྱར་ཞིབ་ཀྱི་འཐུས་ རྒྱང་རིང་ཤེས་ཡོན་གྱི་འཐུས་ རང་སྤྱོད་ཟ་ཁང་གི་ ཁང་གླ་དང་ པར་སྐྲུན་དང་ འདྲ་བཤུས་ཀྱི་རིན་ དངུལ་ཀྲམ་ས་ཡ་༡.༣༣༤ ཕན་བདེ་མ་དངུལ་གྱི་ རྩིས་ཁྲ་ནང་ མ་བཙུགས་པར་ཡོད་པའི་ བདའ་ཟུན་ནུག།
ལོད་སྦིས་ས་ནགས་གླིང་མངའ་སྡེ་ཡིག་ཚང་གིས་ ས་གནས་གོ་གོ་ན་ལུ་ ནགས་ཚལ་འཛིན་སྐྱོང་སྡེ་ཕྲན་ཡིག་ཚང་ རྐྱབ་ནིའི་ལཱ་ནང་ དངུལ་ཀྲམ་ས་ཡ་༡.༠༡༥ རིན་གོང་ཡར་ཡར་སེང་གི་ཐོག་ལས་ དངུལ་སྤྲོད་འབད་ནུག་ཟེར་ཨིནམ་ད་ ས་གནས་གནསཔ་ཏང་ཁ་ལུ་ འཛམ་གླིང་དངུལ་ཁང་གི་ གྲོགས་རམ་མ་དངུལ་ཐོག་ གླིང་ཁའི་ཡིག་ཚང་རྐྱབ་ནིའི་ནང་ མགར་ས་རྫོང་ཁག་བདག་སྐྱོང་གི་ ཞིབ་རོགས་བཟོ་རིག་འགོ་དཔོན་གྱིས་ དངུལ་ཀྲམ་ས་ཡ་༠.༢༦༠ གི་ལས་འབྲེལ་ཉེན་སྲུང་ བརྒྱ་ཆ་༡༠ གྱི་ཚབ་ལུ་ དངུལ་ཁང་འགན་ལེན་རྫུས་མ་བཟོ་སྟེ་ ཕུལ་ཡོདཔ་ཨིན་པས།
དབང་འཛིན་གྱིས་ གཞུང་གི་རྩིས་ལོ་མཇུག་བསྡུ་ སྤྱི་ལོ་༢༠༡༦ ཟླ་༦ པའི་ ལོ་བསྟར་དངུལ་འབྲེལ་རྩིས་བརྗོད་གུ་ ངོ་སྦྱོར་གྱི་ རྩིས་ཞིབ་འགོ་འདྲེན་འཐབ་ད་ གཞུང་གིས་ གསར་སྒྲུབ་འཆར་དངུལ་ གསར་བཟོ་འབད་ཡོད་པའི་ དངུལ་ཀྲམ་ཐེར་འབུམ་༡༩.༦༣༧ ནང་ལས་ ཐེར་འབུམ་༤.༡༩༣ བཀོལ་སྤྱོད་མ་འབད་བར་ ལུས་ཏེ་ཡོད་པའི་ མངོན་གསལ་བྱུངམ་ལས་ དངུལ་རྩིས་ལྷན་ཁག་ལུ་ དེ་གི་རྒྱུ་མཚན་དང་ ལེགས་བཅོས་ཀྱི་ ཐབས་ཤེས་བཏོན་དགོ་པའི་ གྲོས་འདེབས་ཕུལ་ཏེ་ཡོདཔ་ཨིན་པས།
རྩིས་ཞིབ་སྙན་ཞུའི་ནང་ གློག་མེ་ལས་འགུལ་དབང་འཛིན་ཚུ་གི་ མཉམ་འབྲེལ་རྩིས་ཞིབ་འགོ་འདྲེན་འཐབ་ཡོད་པའི་ དོན་ཚན་ཅིག་ ལོགས་སུ་སྦེ་ གསལ་བཀོད་འབད་དེ་ཡོད་མིའི་ནང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དབང་འཛིན་༢ པའི་ནང་ དངུལ་ཀྲམ་ཐེར་འབུམ་༡.༡༢༣ དང་ མང་སྡེ་ཆུ་གློག་མེ་ལས་འགུལ་དབང་འཛིན་ནང་ དངུལ་ཀྲམ་ས་ཡ་༢༤༦ རྩིས་འགྲིགས་མ་བད་བར་ ཚུལ་མིན་ཚབས་ཆེན་ཡོད་པའི་ མངོན་གསལ་བྱུང་ནུག།
ལོ་བསྟར་རྩིས་ཞིབ་སྙན་ཞུ་༢༠༡༦ ཅན་མ་དེ་ ལོ་དེ་ནང་ ཕྱིར་སྤྲོད་འབད་བའི་ རྩིས་ཞིབ་སྙན་ཞུ་༨༡༥ ལས་ ཕྱོགས་སྒྲིག་འབད་ཡོདཔ་ད་ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ནང་ རྩིས་ཞིབ་ལས་འབྲེལ་གྱི་ སྙན་ཞུ་དང་ རྒེད་འོག་གོང་འཕེལ་གནང་བྱིན་གྱི་ སྙན་ཞུ་སྐོར་ལས་ གསུང་གྲོས་གནང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *