༉ འབྲུག་གི་དྲང་ཁྲིམས་ལྷན་སྡེ་དེ་ རྩ་ཁྲིམས་ཅན་དང་ རང་དབང་གི་ཐོག་ལས་ བདག་སྐྱོང་འཐབ་མི་ གཙུག་སྡེ་ཅིག་ཨིནམ་ལས་ དངུལ་དང་འབྲེལ་བའི་ རྩིས་ཁྲ་ཚུ་རྐྱངམ་གཅིག་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་འབད་སྲོལ་ཡོདཔ་ཨིན་པས།
རྩིས་ཞིབ་འབད་མི་དེ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༥ པའི་རྩ་དོན་༤ པའི་དགོངས་དོན་དང་འཁྲིལ་ཨིན་པས།
རྩ་ཁྲིམས་དང་འཁྲིལ་བ་ཅིན་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ འཇིགས་སྣང་ ཡང་ཅིན་ མཐུན་འགྱུར་ ཕྱོགས་ལྷུང་མེད་པར་ གཞུང་གི་ལས་ཁུངས་དང་ ཡིག་ཚང་ཚུ་བརྩིས་པའི་ ཁྲིམས་བཟོ་ལྷན་སྡེ་དང་ དྲང་ཁྲིམས་ལྷན་སྡེའི་ མངའ་འོག་གི་ ཡིག་ཚང་ཚུ་ མི་དམངས་ཚད་ཅན་དང་ སྤྱི་ཕན་མ་དངུལ་བདག་སྐྱོང་འཐབ་མི་འདུས་ཚོགས་ ཁྲིམས་སྲུང་འགག་སྡེ་དང་ སྲུང་སྐྱོབ་དམག་སྡེ་ཚུ་ དེ་ལས་ འབྲུག་གི་འོང་འབབ་དང་ སྤྱི་དངུལ་བྱུང་ཐོ་དང་ མ་དངུལ་གཞན་གྱི་བྱུང་ཐོ་ སྔོན་བྱིན་དང་ གསོག་འཇོག་མ་དངུལ་གྱི་ རྩིས་ཁྲ་ཚུ་ རྩིས་ཞིབ་འབད་དགོཔ་ཨིན་པས།
དེ་འབདཝ་ད་ རྩིས་ཞིབ་དབང་འཛིན་གྱིས་ ད་རེས་ ཁྲིམས་སྡེའི་ལམ་ལུགས་དང་ ལག་ལེན་ལ་སོགས་པའི་ ལས་འབྲེལ་རྩིས་ཞིབ་དང་ བསྐྱར་ཞིབ་འབད་མི་དེ་ འགོ་དང་པ་འོང་ནི་ཨིནམ་ད་ དེ་གི་དོན་ལུ་ དབང་འཛིན་གྱིས་ བསྐྱར་ཞིབ་འབད་མི་ རྩིས་ཞིབ་འགོ་དཔོན་༤ འབད་མི་ སྡེ་ཚན་ཅིག་ལུ་ འགན་འཁྲི་བཀལ་ནུག།
རྩིས་ཞིབ་ཡོངས་ཁྱབ་ཀྱིས་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ མངོན་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་བློན་པོ་ལུ་བཏང་མི་ ཡི་གུའི་ནང་ རྩིས་ཞིབ་སྡེ་ཚན་གྱིས་ ཁྲིམས་སྡེའི་ལམ་ལུགས་དང་ ལག་ལེན་ཚུ་ལུ་ བརྟག་ཞིབ་འབད་ནི་ཨིན་རུང་ ཁྲིམས་འདུན་ཚུ་ལས་གནང་མི་ འཁྲུན་ཆོད་ཚུ་ལུ་ བསྐྱར་ཞིབ་མི་འབད་ཟེར་བཀོད་ནུག།
དེ་འབདཝ་ལས་ བསྐྱར་ཞིབ་ཀྱི་ལཱ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་ནིའི་ ཕན་ཐབས་ལུ་ དྲང་ཁྲིམས་ལྷན་སྡེའི་འོག་ལུ་ཡོད་མི་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ ཁྲིམས་སྤྱི་བློན་པོ་གིས་ བརྡ་དོན་དང་ གནས་ཐོ་ ཡིག་ཆའི་རིགས་ བྱིན་དགོཔ་མ་ཚད་ དགོས་མཁོའི་གྲོགས་རམ་དང་ མཉམ་འབྲེལ་ཚུ་ ག་དེ་དྲག་དྲག་ བསྐྱར་ཞིབ་སྡེ་ཚན་ལུ་ འབད་དགོ་པའི་ བཀོད་རྒྱ་གནང་ཟེར་ ཞུ་བ་འབད་ནུག།
བསྐྱར་ཞིབ་དེ་ སྤྱི་ཟླ་༦ པའི་ཚེས་༢༦ ལས་ སྤྱི་ཟླ་༩ པའི་ཚེས་༤ ཚུན་ འབད་ནི་གི་ ལས་འཆར་ཨིན་རུང་ སྤྱི་ཟླ་༦ པའི་ཚེས་༢༦ ལས་ རྩིས་ཞིབ་ཀྱི་ ལས་འཆར་བཟོ་ནིའི་དོན་ལུ་ ཁྲིམས་སྡེའི་འགོ་དཔོན་ཚུ་གི་གྲས་ལས་ དམིགས་བསལ་དུ་ འཛིན་སྐྱོང་ནང་ ལཱ་འབད་མི་ཚུ་དང་ གྲོས་བསྡུར་ཞིབ་པར་ འབད་བའི་བསྒང་ཡོད་མི་དེ་ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ མཇུག་བསྡུ་ནི་ཨིན་པས།
རྩིས་ཞིབ་སྡེ་ཚན་གྱིས་ བསྐྱར་ཞིབ་ངོ་མ་དེ་ སྤྱི་ཟླ་༧ པའི་ཚེས་༢༤ ལས་ འགོ་བཙུགས་ནི་ཨིན་པས།
ཁྲིམས་སྡེའི་ནང་ བསྐྱར་ཞིབ་འབད་དགོ་པའི་ གནད་དོན་ག་ཅི་ཨིན་ན་དང་ གནད་དོན་ག་ཅི་བཟུམ་ཚུ་ལུ་ ལྟ་ཞིབ་འབད་ནི་ཨིན་ནའི་སྐོར་ ཀུན་གསལ་གྱིས་ རྩིས་ཞིབ་ཡོངས་ཁྱབ་དང་ སྡེ་ཚན་གྱི་ འགོ་འཛིན་ལུ་ དྲི་བ་དྲིས་ལན་འབད་ནི་གི་ དཔའ་བཅམ་རུང་ འབྲེལ་ཡོད་འགོ་དཔོན་ཚུ་ དལ་ཁོམ་མེད་པར་ འདུ་འཛི་ཡོདཔ་ལས་ འབྲེལ་བ་འཐབ་མ་ཚུགས།
ཨིན་རུང་ ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ རྩིས་ཞིབ་པ་ཚུ་གིས་ ལས་འབྲེལ་རྩིས་ཞིབ་དང་ གོ་གནས་ཡར་སེང་ བསྐོ་བཞག་ གནས་སོར་ལ་སོགས་པ་ དྲང་བདེན་དང་ རྣམ་དག་ཐོག་ལས་ འབད་མ་འབད་ཚུ་ལུ་ ལྟ་ཞིབ་འབད་ནི་མས་ཟེར་ཨིན་པས།
ལ་ལོ་ཅིག་གིས་ སླབ་མིའི་ནང་ བསྐྱར་ཞིབ་འབད་དགོ་པའི་ གནད་དོན་གཞན་དེ་ ན་ཧིང་ལས་ ལ་ལོ་ཅིག་གིས་ མི་སྡེའི་བརྡ་བརྒྱུད་ནང་ དྲང་ཁྲིམས་ལྷན་སྡེ་ལུ་ ཕྱོགས་ལྷུང་དང་ མཐུན་འགྱུར་ལ་སོགས་པའི་སྐོར་ ཁ་ཉེས་བཀོད་མི་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།