རྩིས་ཞིབ་ཡོངས་ཁྱབ་ ཚེ་རིང་སྐལ་བཟང་དང་ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ཀྱི་མདོ་ཆེན་ ཕུརཔ་རིན་ཆེན།

རྩིས་ཞིབ་ཀྱི་ གནད་དོན་ཚུ་ནང་ ཁག་འབགཔ་དང་ གྲོས་སྟོན་པ་ཚུ་ལུ་ འགན་འཁྲི་ཕོག་ནི།

༉ རྩིས་ཞིབ་སྙན་ཞུ་ཚུ་ནང་ གསལ་བཀོད་འབད་མི་ ཚུལ་མཐུན་ལག་ལེན་མེད་མི་དང་ ཆད་སྐྱོན་ཚུ་ནང་ ད་ལས་ཕར་ ཁག་འབགཔ་དང་ གྲོས་སྟོན་པ་ཚུ་ལུ་ འགན་འཁྲི་ཕོག་ནི་ཨིན་པས།
གནད་དོན་དེ་གི་སྐོར་ལས་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་དང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་བར་ན་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཅི།
ད་ཚུན་གྱི་བར་ན་ དངུལ་ཐེབས་སྤྲོད་མི་དང་ ལོག་ལྟབ་སྤྲོད་མི་ ལཱ་ཚུ་སྐྱོན་ཅན་དང་ གནས་ཚད་བྱང་ཉེས་སྦེ་ ལག་ལེན་འཐབ་མི་ ལྟ་བཀོད་དམ་སྒྲིང་མ་འབད་མི་ དེ་ལས་ བཟོ་བཀོད་ཚུ་ལུ་ ནོར་བ་ཞུགས་པའི་ འགན་འཁྲི་ཚུ་ གཞུང་གི་ལས་སྡེ་ཚུ་ལུ་བཀལ་ཏེ་ཡོདཔ་ཨིན་པས
དེ་གིས་མ་དོ་བར་ ད་ལས་ཕར་ ཁག་འབགཔ་དང་ གྲོས་སྟོན་པ་ཚུ་ལུ་ འདི་བཟུམ་མའི་ གནད་དོན་ཚུ་དང་ མཁོ་སྒྲུབ་ཀྱི་ བཅའ་ཡིག་དང་ ཁག་འབག་གན་ཡིག་ཚུ་ལས་འགལ་བའི་ འགན་འཁྲི་ཚུ་ཡང་ བཀལ་ནི་ཨིན་པས།
རྩིས་ཞིབ་ཡོངས་ཁྱབ་ ཚེ་རིང་སྐལ་བཟང་གིས་ སླབ་མིའི་ནང་ ཐབས་ལམ་དེ་ མི་ཚུ་ཚར་བཅད་ནི་མེན་པར་ བཟོ་སྐྲུན་གྱི་ སྤུས་ཚད་ལེགས་ཤོམ་བཟོ་ནིའི་ནང་ ག་ར་འབྲེལ་གཏོགས་ཡོདཔ་ བཟོ་ཐབས་ལུ་ཨིནམ་བཞིན་དུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་མི་དེ་གིས་ གཞུང་གི་ བཟོ་སྐྲུན་ལཱ་དང་ ལག་ལེན་ དེ་ལས་ དམངས་ཀྱི་ཐོན་ཁུངས་ཚུ་ ལག་ལེན་འཐབ་མིའི་ནང་ འགན་འཁྲི་ཅན་དང་ རང་གི་རྒྱུ་དངོས་བཟུམ་སྦེ་ བདག་འཛིན་འཐབ་ནི་གི་ ཚོར་སྣང་བསྐྱེད་བཅུག་ནི་ དེ་ལས་ ལཱ་ག་ཅི་ར་འབད་རུང་ དྲང་སྤྱོད་ཐོག་འབད་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་ཨིན་པས།
གོ་བརྡའི་ཆིངས་ཡིག་དང་འཁྲིལ་ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ཀྱིས་ ཁག་འབགཔ་དང་ གྲོས་སྟོན་པ་ཚུ་ ཐོ་བཀོད་ལག་ཁྱེར་ བསྐྱར་གསོ་འབད་བར་འོངམ་ད་ ཁོང་གི་བརྡ་དོན་ལམ་ལུགས་ནང་ རྩིས་ཞིབ་དང་འབྲེལ་བའི་ རྩིས་འགྲིག་འབད་དེ་ཡོད་མེད་ བརྟག་ཞིབ་འབད་ནི་ཨིནམ་ད་ གལ་སྲིད་ རྩིས་རྙོགས་མ་སེལ་བར་ཡོད་པ་ཅིན་ བཀོད་ཚོགས་ཀྱིས་ ཐོ་བཀོད་ལག་ཁྱེར་བསྐྱར་གསོ་འབད་དེ་ མི་བྱིན་ནི་ཨིན་པས།
འབྲེལ་ཡོད་ལས་སྡེ་ཚུ་གིས་ སོར་ཆུད་ལ་སོགས་པའི་ དང་ལེན་སྙན་ཞུ་དང་ རྒྱབ་ཁུངས་ཡིག་ཆ་ཚུ་དང་བཅས་ བསྐྱར་ཞིབ་ཀྱི་དོན་ལུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ལུ་ ཁ་གསལ་སྙན་ཞུ་ཕུལ་བའི་ཤུལ་ལས་ དབང་འཛིན་གྱིས་ ལན་གསལ་འབད་མི་ཚུ་ ངོས་ལེན་འབད་མི་འབད་ ཐག་བཏོག་ནི་ཨིན་པས།
ཁེ་གྱོང་པ་ཚུ་གིས་ བསམ་འཆར་དང་ བསམ་ལན་བཀོད་མི་ཚུ་ལུ་ གཞི་བཞག་སྟེ་ ལམ་སྟོན་ཅིན་ བཟོ་ཡོད་མི་དེ་ སྤྱི་ཟླ་༧ པའི་ཚེས་༡ ལས་ ལག་ལེན་འཐབ་ནི་ཨིན་པས།
བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ཀྱི་མདོ་ཆེན་ ཕུརཔ་རིན་ཆེན་གྱིས་ སླབ་མིའི་ནང་ བཟོ་སྐྲུན་ཚུ་གིས་ རྒྱལ་ཁབ་ནང་ དཔལ་འབྱོར་གོང་འཕེལ་ནང་ ལྷན་ཐབས་འབད་མི་ ལས་སྡེ་གཙོ་ཅན་ཅིག་ཨིན་རུང་ ལཱ་གི་འཆར་གཞི་ ཚུལ་ལྡན་སྦེ་ རྒྱུན་སྐྱོང་མ་འཐབ་ནི་དེ་གིས་ དུས་ཚོད་དང་ ཟད་འགྲོ་ཐེབས་གནས་པའི་ གདོང་ལེན་ཚུ་ཡོད་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༦ དང་༢༠༡༧ གྱི་བར་ན་ ཁག་འབགཔ་དང་ གྲོས་སྟོན་པ་ཚུ་གིས་ ལས་སྣ་ཁག་༧༠༠ དེ་ཅིག་ འབད་མི་ལས་ བརྒྱ་ཆ་༦༤ དུས་ཚོད་ཁར་ མཇུག་མ་བསྡུ་མི་དང་ བརྒྱ་ཆ་༨༠ ལུ་ སྤུས་ཚད་དང་འབྲེལ་བའི་ གནད་དོན་ཚུ་ ཐོན་ཡོད་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …

Leave a Reply

Your email address will not be published. Required fields are marked *