སློབ་གྲྭ་ནང་མ་གྱོ་བའི་ཧེ་མ་ ཨ་ནི་ཏ་ཏི་ཝ་རི་གིས་ ཇམ་སྦྱིས་ནང་ཆུ་འདེགས་པའི་བསྒང་།

རྩི་རང་སློབ་གྲྭ་ཆུང་བའི་སློབ་ཕྲུག་ཚུ་ སློབ་གྲྭའི་ཉེ་འདབས་ལས་ཕར་ སྦ་སྒོར་རྐྱབ་སྟེ་སྡོད་དོ་ཡོདཔ།

༉ ཨ་ནི་ཏ་ ཏི་ཝ་རི་གིས་ དྲོ་པ་གནམ་ལངམ་ཅིག་ ལོང་པའི་ཤུལ་ལུ་ ཆུ་འདེགས་ནིའི་ དམ་སྦྱིས་ཚུ་འབག་སྟེ་ ཆུའི་ཀ་ལི་ཡོད་ས་ལས་ ཆུ་དབོགས་འབག་སྟེ་ ལོག་ཁྱིམ་ནང་ལྷོདཔ་ཅིག་ བཞེས་སྒོ་འབད་ནི་ འགོ་བཙུགསཔ་ཨིན་པས།མོ་གིས་ རང་ལུགས་ཀྱི་ མེ་ཐབ་ནང་ ཀེ་བ་དར་ཚིལ་བཟོ་ནི་ འགོ་བཙུགས་པའི་བར་ན་ དུས་ཚོད་ལེན་ཏེ་ དཔེ་ཆ་ལྷབ་པའི་ཁར་ མོ་རའི་ ནུ་གཅུང་ཡང་ ལྷོངས་ཞིནམ་ལས་ ཉིན་མའི་ལྟོ་བཅིངས་ཏེ་ སློབ་གྲྭ་ནང་འགྱོ་ནིའི་དོན་ལུ་ གྲ་སྒྲིག་འབདཝ་ཨིན་པས།ཕུན་བརྟན་ཆུ་སློབ་གྲྭ་ཆུང་བ་དེ་ མོ་སྡོད་ས་ལས་ དུས་ཡུན་སྐར་མ་༣ དེ་ཅིག་ ལམ་འགྱོ་དགོཔ་ལས་ སློབ་གྲྭའི་ཉེ་འདབས་ལུ་ གནས་སྐབས་ཀྱི་ སྦ་སྒོར་བཟོ་སྟེ་ སྡོདཔ་ཨིན་པས།མོ་གི་ཕམ་ཚུ་གིས་ མོ་རའི་ནུ་གཅུང་གཉིས་ སློབ་གྲྭའི་ཉེ་འདབས་ལུ་སྡོད་དེ་ དཔེ་ཆ་ལྷབ་ཚུགས་ནིའི་དོན་ལུ་ གནས་སྐབས་ཀྱི་ སྦ་སྒོར་རྐྱབ་བྱིན་ཡོདཔ་ད་ དེ་མིན་ དཔེ་ཆ་ལྷབ་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ ལམ་འགྱོ་དགོཔ་ཨིན་པས།ཨ་ནི་ཏ་སྡོད་སའི་ སྦོ་ལོགས་ཁར་ཡོད་མི་ ཁང་མིག་གཞན་དེ་ བུ་དཱི་མཱན་ ཏི་བ་རི་གི་ཨིནམ་ད་ ཨ་ནི་ཏ་གིས་ ཁོང་སྡོད་ས་དེ་ རང་སོའི་ཁྱིམ་ལས་ཐག་རིང་སར་ཨིན་རུང་ གཅིག་གིས་གཅིག་ལུ་ ཆ་རོགས་འབད་དེ་ སྡོདཔ་ཨིན་ཟེར་ བཤདཔ་ཨིན་པས།ཨ་ནི་ཏ་དང་ བུ་དཱི་མཱན་བཟུམ་སྦེ་ སློབ་གྲྭའི་ཉེ་འདབས་ལུ་ སློབ་ཕྲུག་༡༠ དེ་ཅིག་ གཅིག་ཁར་སྡོད་དོ་ཡོདཔ་ད་ སློབ་ཕྲུག་ལ་ལོ་ཅིག་ ཁྱིམ་གཞན་ནང་ ཁང་གླ་ཁར་སྡོད་དོ་ཡོདཔ་ད་ སློབ་ཕྲུག་མང་ཤོས་ར་ རང་ཐང་གླིང་དང་ ས་ནུ་མཱ་ཡེ་ལེ་གཡུས་ཚན་ཚུ་ལས་ཨིན་པས།བུ་དཱི་མཱན་གྱིས་ སློབ་གྲྭ་ནང་ དུས་ཡུན་རིངམོ་སྦེ་ ལམ་འགྱོ་དགོ་ནི་དེ་གིས་ ཚར་གཅིག་ སློབ་གྲྭ་བཀོ་བཞག་ནི་འབད་ཡོདཔ་ད་ ད་རེས་ སློབ་གྲྭའི་ཉེ་འདབས་ལུ་ སྡོད་ས་ཐོབ་ནི་དེ་གིས་ སེམས་དགའ་མི་དེ་ཡང་ དཔེ་ཆ་ལྷབ་ནིའི་དུས་ཚོད་ མང་སུ་ཐོབ་ཚུགས་ནི་དེ་གིས་ཨིན་པས།ཁོ་གིས་ དུས་ཅི་ སློབ་རིམ་དྲུག་པ་མཇུག་བསྡུ་ནི་ཨིནམ་ད་ རྩི་རང་སྟོད་སློབ་གྲྭ་ལྟེ་བ་དེ་ ཉེ་འདབས་ལུ་འབད་ནི་དེ་གིས་ སང་ཕོད་ཀྱི་སློབ་གྲྭ་དེ་ ལྟོ་ཐོབ་སློབ་གྲྭ་དེ་ནང་ འགྱོ་ནི་ཨིནམ་ལས་ སེམས་དགའ་སྟེ་ཡོད་ཟེར་ བཤདཔ་ཨིན་པས།རྩི་རང་སྟོད་སློབ་གྲྭ་ལྟེ་བ་དེ་ ད་ལྟོ་ འགོ་མ་བཙུགས་རུང་ སློབ་གྲྭའི་སྐྱེལ་འདྲེན་བཱསི་ཚུ་ལྷོད་ཡོདཔ་ད་ ད་ལྟོའི་སློབ་གྲྭ་དེ་ནང་ སློབ་ཕྲུག་༡༩༠ དེ་ཅིག་ཡོད་མི་ལས་ བརྒྱ་ཆ་༣༠ དེ་ཅིག་གིས་ སློབ་གྲྭ་ནང་ལྷོད་ནི་ལུ་ ཆུ་ཚོད་༢ ལྷགཔ་རེ་ ལམ་འགྱོ་དགོ་དོ་ཡོདཔ་ཨིན་པས།སློབ་གྲྭ་དེ་ནང་ ཉིན་ལྟོ་དང་ ཞག་སྡོད་ས་མེདཔ་ད་ སློབ་གྲྭའི་དབུ་འཛིན་ དངོས་གྲུབ་དབང་འདུས་ཀྱིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་ ལམ་ཐག་རིང་ནི་དེ་གིས་ ལམ་འགྱོ་མ་དགོཔ་ལས་ ད་ལྟོ་བཟུམ་སྦེ་ སྡོད་ནི་ལུ་ སེམས་དགའ་སྟེ་འདུག་ཟེར་ཨིན་པས།ཁོ་གིས་བཤད་མིའི་ནང་ ཧེ་མ་འབད་བ་ཅིན་ སློབ་ཕྲུག་ཚུ་གིས་ སློབ་གྲྭ་ནང་ དུས་ཚོད་ཁར་ ལྷོད་མ་ཚུགས་པའི་དཀའ་ངལ་འཐོན་ནི་ཡོད་ཟེར་ཨིནམ་ད་ གནམ་བྱཱར་ཆརཔ་རྐྱབ་པའི་དུས་སྐབས་ལུ་ ཕམ་ཚུ་ ཚ་གྱང་ལངམ་མས་ཟེར་ཨིན་པས།ད་ལྟོ་ཡང་ ཨ་ལོ་ཚུ་ལུ་ དཀའ་ངལ་ཡོདཔ་ལས་ གཞུང་གིས་ དྲོ་མཛར་དང་ ཉིན་མའི་བཞེས་སྒོ་བྱིན་རུང་ བཏུབ་ནི་མས་ཟེར་ཨིནམ་ད་ གནས་སྐབས་སྦ་སྒོར་ནང་སྡོད་པའི་ཤུལ་ལས་ དཔེ་ཆའི་གྲུབ་འབྲས་ཚུ་ ཡར་དྲག་འགྱོ་ཡོདཔ་མ་ཚད་ རྩེད་རིགས་ཚུ་ནང་ཡང་ མང་སུ་སྦེ་ བཅའ་མར་གཏོགས་ཚུགས་ཏེ་ཡོད་ཟེར་ཨིན་པས།ད་རུང་ རྩི་རང་གི་ ས་མཚམས་ཟུར་ཁར་ཡོད་མི་ པད་ཚལ་གླིང་སློབ་གྲྭ་ཆུང་བ་ནང་ཡང་ སློབ་ཕྲུག་༣ གནས་སྐབས་ཀྱི་སྦ་སྒོར་ཚུ་བཟོ་སྟེ་ སློབ་གྲྭའི་ཉེ་འདབས་ལུ་ སྡོད་དོ་ཡོདཔ་ཨིན་པས།རྫོང་ཁག་ཤེས་རིག་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ རྩི་རང་སྟོད་ཀྱི་སློབ་གྲྭ་ལྟེ་བ་ འགོ་བཙུགས་པའི་ཤུལ་ལས་ དེ་བཟུམ་མའི་ དཀའ་ངལ་ཚུ་ སེལ་ཐབས་འབད་ཚུགས་ཟེར་ བཤད་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *