རྩི་རང་ལུ་ ཨེཆ་ཝཱན་ཨེན་ཝཱན་ ཚ་རིམས་ཁྱབ་སྤེལ་འགྱོ་བའི་དོགས་པ།

༉ རྩི་རང་རྫོང་ཁག་གི་ སློབ་གྲྭ་ཅིག་ནང་ ཚ་རིམས་ཐོན་ཡོད་མི་དེ་ ཨེཆ་ཝཱན་ཨེན་ཝཱན་ཟེར་མི་ ཕུ་ལུ་ཨིན་མེན་གཏན་འཁེལ་བཟོ་ནིའི་དོན་ལུ་ འགྲམ་ཕུག་སྨན་ཁང་གིས་ འཕྲལ་མགྱོགས་ར་ ཁྲག་གི་དཔེ་ཚད་ཚུ་ ཐིམ་ཕུག་རྒྱལ་འཛིན་ནད་གཞི་བཀག་འཛིན་ལྟེ་བའི་ནང་ བསྐྱལ་ནི་ཨིན་པས།
བདུན་ཕྲག་འདི་གི་ སྔ་ཆ་ལུ་ མཚོ་གླིང་མཁར་སློབ་གྲྭ་ཆུང་བའི་ སློབ་ཕྲུག་༢༥ ལྷགཔ་ཅིག་ དྲོད་ཤུགས་རྐྱབ་སྟེ་ ན་ཡོད་པའི་སྐོར་ སློབ་གྲྭ་གིས་ སྙན་ཞུ་འབད་མི་དང་འཁྲིལ་ གསོ་བའི་ལས་བྱེདཔ་ཚུ་གིས་ ཚ་རིམས་ཀྱི་ བརྟག་དཔྱད་ཅིག་འབདཝ་ད་ སློབ་དཔོན་ཅིག་ལུ་ ཨེཆ་ཝཱན་ཨེན་ཝཱན་ ཕུ་ལུ་ ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
འགྲམ་ཕུག་སྨན་ཁང་གི་ ཌོག་ཊར་བསོད་ནམས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ སློབ་དཔོན་ལུ་ཐོབ་མི་ ཚ་རིམས་དེ་ ཁོ་གི་ཨ་ལོ་ སྐྱེས་ལོ་༢ དང་༥ ལང་མི་གཉིས་ལུ་ འབུ་ཡོད་པའི་ དོགས་པ་ཡོད་མི་དེ་ཡང་་ ཨ་ལོ་གཉིས་ཆ་ར་ལུ་ ནད་ཐོབ་ཡོད་པའི་ གྲུབ་འབྲས་ཐོན་ནི་དེ་གིས་ཨིན་པས།
དེ་བཟུམ་སྦེ་ སློབ་ཕྲུག་ཚུ་ལུ་ཡང་ ཨེཆ་ཝཱན་ཨེན་ཝཱན་ ཚ་རིམས་དེ་ ཐོབ་ཡོད་པའི་ དོགས་པ་ཡོད་རུང་ ཐིམ་ཕུག་ལས་ དཔེ་ཚད་ཀྱི་ གྲུབ་འབྲས་ལྷོད་ཞིནམ་ལས་རྐྱངམ་གཅིག་ གཏན་འཁེལ་སྦེ་ སླབ་ཚུགས་ནི་མས་ཟེར་ ཌོག་ཊར་བསོད་ནམས་ཕུན་ཚོགས་ཀྱིས་ བཤདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ ཀུན་ལེགས་ཚེ་དབང་གིས་འབད་བ་ཅིན་ དྲོད་ཤུགས་རྐྱབ་སྟེ་ན་མི་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་མ་འོང་པར་ ཉིནམ་དག་པ་ཅིག་ ཡར་སོ་ཡི་ཟེར་ཨིནམ་ན་ སློབ་གྲྭ་དེ་ ཕྱི་སྡོད་སློབ་གྲྭ་ཨིནམ་ལས་ ན་མི་སློབ་ཕྲུག་ཚུ་ ཁྱིམ་ནང་སྡོདཔ་ཨིན་མས།
རྒྱལ་འཛིན་ནད་བཀག་འཛིན་ལྟེ་བའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ནད་ཁྱབ་སྤེལ་འགྱོ་བའི་ དོགས་པ་ཡོད་མི་ སློབ་གྲྭ་ལས་ ཁྲག་གི་དཔེ་ཚད་ཚུ་ ད་ལྟོ་ མ་ཐོབ་པར་ཡོད་རུང་ འདས་པའི་ཉམས་མྱོང་དང་འཁྲིལ་བ་ཅིན་ ཚ་རིམས་ཀྱི་ ནད་ཐོན་ཡོདཔ་ འོང་ནི་མས་ཟེར་ཨིན་པས།
ལྟེ་བའི་ནད་བརྟག་གཙོ་འཛིན་འགོ་དཔོན་ བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ འདས་པའི་བདུན་ཕྲག་རྐྱངམ་གཅིག་གི་ནང་ར་ འགྲམ་ཕུག་སྨན་ཁང་ནང་ ཚ་རིམས་ཐོབ་ཡོད་པའི་ དོགས་པ་ཡོད་མི་༡༣༠ དེ་ཅིག་ ལྷོད་ཡོད་མི་ལས་ དཔེ་ཚད་༩ ལུ་ ལྟེ་བ་གིས་ བརྟག་དཔྱད་འབདཝ་ད་ དཔེ་ཚད་༨ ལུ་ ཚ་རིམས་ཐོབ་ཡོད་པའི་ གྲུབ་འབྲས་ཐོན་ཡི་ཟེར་ཨིན་པས།
ཚ་རིམས་ཐོབ་མི་༨ ལས་ ཚ་རིམས་ཨེ་ཟེར་ ཨེཆ་ཝཱན་ཨེན་ཝཱན་ནད་འབུབ་ཐོབ་ཡོདཔ་མ་ཚད་༢ ལུ་ ཨེཆ་༣ཨེན་༢ ཟེར་མི་ ནད་འབུབ་ཐོབ་ཡོདཔ་ཨིན་པས།
དེ་གི་ཧེ་མ་ འགྲུམ་ཕུག་སྨན་ཁང་ནང་ བརྟག་དཔྱད་འབད་བར་ མི་༨༠ དེ་ཅིག་ ལྷོད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འགྲམ་ཕུག་ལུ་ འདི་བཟུམ་མའི་ ཚ་རིམས་དེ་ སྤྱི་ལོ་༢༠༠༩ ལུ་ ཐོན་ཞིནམ་ལས་ཚུར་ སྨན་ཁང་དེ་གིས་ ནད་གཞི་དེ་ འཐོན་ནི་གི་ ཉེན་ཁ་སྦོམ་ཡོད་མི་ལུ་བརྟེན་ དུས་རྒྱུན་དུ་ ལྟ་རྟོག་ཐོག་ལུ་ བདུན་རིམ་བཞིན་དུ་ ཁྲག་གི་དཔེ་ཚད་ཚུ་ བརྟག་དཔྱད་འབདཝ་ཨིན་པས།
ད་རེས་ནངས་པར་ འགྲམ་ཕུག་སྨན་ཁང་གི་ གསོ་བའི་འགོ་དཔོན་ཚུ་གིས་ མཚོ་གླིང་མཁར་སློབ་གྲྭ་ཆུང་བ་ལུ་ ནད་ཀྱི་རྟགས་མཚན་དང་ མངོན་རྟགས་ག་ཅི་ར་འཐོན་རུང་ སྔོན་འགོག་གི་ ཐབས་ཤེས་ཚུ་ ལག་ལེན་འཐབ་དགོཔ་སྦེ་ བསླབ་བཀོད་བྱིན་ཏེ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *