རྩི་རང་ལུ་ གསོ་སྐྱོང་འཐབ་མི་ སེར་སྦྱངམ་གི་ སྦྱང་ཚང་སྒྲོམ་ཚུ།

རྩི་རང་ལུ་ སེར་སྦྱངམ་གསོ་སྐྱོང་འཐབ་མི་ མང་སུ་ཐོན་དོ་ཡོདཔ།

༉ རྩི་རང་རྫོང་ཁག་ནང་ དམིགས་བསལ་དུ་ སྤ་ཚར་གླིང་རྒེད་འོག་གི་ སོ་ནམ་པ་ཚུ་གིས་ སེར་སྦྱངམ་གསོ་སྐྱོང་འཐབ་ནི་ལུ་ ཤུགས་བཏོན་དོ་ཡོདཔ་བཞིན་དུ་ སོ་ནམ་པ་༢༥ དེ་ཅིག་གིས་ ཚོང་འབྲེལ་གྱི་དོན་ལུ་ སེར་སྦྱངམ་གསོ་སྐྱོང་འཐབ་སྟེ་ ཡོདཔ་ཨིན་པས།རྩི་རང་ལུ་ ཚོང་འབྲེལ་འཐབ་ནིའི་དོན་ལས་ སེར་སྦྱངམ་གསོ་སྐྱོང་འཐབ་མི་དེ་ ད་ལྟོ་ ལོ་དག་པ་ཅིག་ལས་བརྒལ་མ་སོང་རུང་ ཚོང་སྒྱུར་གྱི་ཐད་ཁར་ ཡར་རྒྱས་འགྱོ་བཞིན་དུ་ཡོདཔ་ཨིན་པས།སེར་སྦྱངམ་གསོ་སྐྱོང་གི་ལཱ་ལུ་ ཤུགས་བཏོན་མི་ཅིག་ ཚེ་རིང་དབང་འདུས་ཨིནམ་ད་ ཁོ་གིས་ སྦྱང་ཚང་སྒྲོམ་༡༠༠ དེ་ཅིག་ ཁོ་རའི་ཁྱིམ་དང་ ས་ཞིང་ནང་ བཟོ་སྟེ་ཡོད་རུང་ ད་ལྟོ་སྒྲོམ་༡༥ མ་གཏོགས་ སྦྱངམ་ཚུ་མེད་མི་དེ་ཡང་ ད་ལྟོ་ གནམ་གཤིས་བསིལ་ནི་དེ་གིས་ སྦྱངམ་ཚུ་ ཐོན་སོང་སྟེ་ཡོདཔ་ཨིན་པས།ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ སེར་སྦྱངམ་གི་ ཚོང་འབྲེལ་འཐབ་ནི་དེ་ འཇམ་ཏོང་ཏོ་ཨིན་པའི་ཁར་ ལཱ་ཚུ་ཡང་ སོ་ནམ་དང་གཅིག་ཁར་ འབད་ཚུགས་པས་ཟེར་ཨིནམ་ད་ ལཱ་ཆུང་ཀུ་ཅིག་འབད་རུང་ གྲུབ་འབྲས་ཀྱི་ཐད་ཁར་ ཕན་ཁྱད་སྦོམ་འདུག་ཟེར་ཨིན་པས།ཁོ་གིས་འབད་བ་ཅིན་ ན་ཧིང་ སྦྲང་རྩི་དམ་་སྦྱིས་༨༠ དེ་ཅིག་ ཐོན་སྐྱེད་འབད་ཚུགས་ཅི་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༦ ལུ་ སྦྲང་རྩི་དམ་སྦྱིས་༤༠༠ དེ་ཅིག་ བསྡུ་བསྒྱོམ་འབད་ཚུགས་ཅི་ཟེར་ཨིན་པས།དུས་ཅི་གི་ཐད་ཀར་ ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཆརཔ་ཤུགས་སྦེ་ རྐྱབ་མི་དེ་གིས་ མེ་ཏོག་ཚུ་ལུ་ བར་ཆད་རྐྱབ་ཡོདཔ་ལས་ སྦྱངམ་ཚུ་གིས་ མེ་ཏོག་གི་ཟིལ་མངར་ཚུ་ ལེགས་ཤོམ་སྦེ་ འཐུང་མ་ཚུགས་མི་ལུ་བརྟེན་ སྦྲང་རྩི་གི་ ཐོན་སྐྱེད་ཉུང་སུ་ཅིག་ལས་བརྒལ་ བསྡུ་བསྒྱོམ་འབད་མི་ཚུགས་ནི་མས་ཟེར་ཨིནམ་ད་ སྦྲང་རྩི་ཚུ་ཡང་ སྤྱི་ཟླ་༡༡ པ་དང་༡༢ པའི་ནང་ བསྡུ་བསྒྱོམ་འབད་དོ་ཡོདཔ་ཨིན་པས།ཚེ་རིང་དབང་འདུས་ཀྱི་ སྦྱངམ་གསོ་སྐྱོང་གིས་མ་དོ་བར་ སྦྱང་ཚང་སྒྲོམ་ཚུ་ཡང་ བཟོ་དོ་ཡོདཔ་ད་ འདས་པའི་ལོ་༦ ནང་ སྒྲོམ་༡ ལུ་ གོང་ཚད་དངུལ་ཀྲམ་༣,༠༠༠ རེ་སྦེ་ སྒྲོམ་༥༠༠ དེ་ཅིག་ ཚོང་འབྲེལ་འཐབ་ཡོདཔ་མ་ཚད་ ཚེ་རིང་དབང་འདུས་ཀྱིས་ སེར་སྦྱངམ་གི་ ཚང་ཚུ་ཡང་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།དེ་བཟུམ་སྦེ་ ཁོ་གིས་ སོན་གྱི་ཚོང་འབྲེལ་གྱི་ ལཱ་ཡང་འབད་དོ་ཡོདཔ་བཞིན་དུ་ དུས་ཅི་ ཁོ་རའི་ས་ཆ་ ཌིས་མཱལ་༥༠ ནང་ ཧོན་ཚོད་བཙུགས་ཡོདཔ་མ་ཚད་ ཚེ་རིང་དབང་འདུས་ཀྱིས་ ལོ་བསྟར་བཞིན་དུ་ ཤིང་གི་སོན་ ཀེ་ཇི་༧༠ དེ་ཅིག་ བཙོང་དོ་ཡོདཔ་ཨིན་པས།མཐའ་འཁོར་གླིང་སྤྱི་འོག་ལས་ སྐྱེས་ལོ་༥༡ ལང་མི་ མཱོན་བྷ་དུར་ སུ་ནར་གྱིས་ འདས་པའི་ལོ་༨ ལས་ སྦྱངམ་གསོ་སྐྱོང་འཐབ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ཁོ་གི་ ཚོང་འབྲེལ་གྱི་ རྒྱ་སྐྱེད་འབད་ནི་ ལས་རིམ་ཡོདཔ་བཞིན་དུ་ ད་ལྟོ་ ཁོ་ལུ་ གསེར་སྦྱངམ་ཚང་སྒྲོམ་༣༥ ཡོདཔ་ཨིན་པས།ཁོ་གིས་འབད་བ་ཅིན་ སེར་སྦྱངམ་གི་ཚོང་འབྲེལ་དེ་ སླབ་མ་ཚུགས་པའི་ ཚོང་འབྲེལ་ཅིག་ཨིནམ་བཞིན་དུ་ ཚོད་བསྲེ་འཛུགས་སྐྱོང་འབདོ་བཟུམ་སྦེ་ དུས་དང་དུས་སུ་ བལྟ་དགོཔ་མི་ཐོན་པས་ཟེར་ཨིནམ་ད་ སེར་སྦྱངམ་དེ་ མཐར་འཁྱོལ་ཅན་སྦེ་ འབྱུང་དགོ་པ་ཅིན་ གནམ་གཤིས་དང་ ཆརཔ་ དེ་ལས་ མེ་ཏོག་ཚུ་ལུ་ རག་ལས་པས་ཟེར་ཨིན་པས།མཱོན་བྷ་དུར་ སུ་ནར་གྱིས་ སླབ་མིའི་ནང་ རྩི་རང་ལས་ ཐོན་སྐྱེད་འབད་མི་ སྦྲང་རྩིས་དེ་ རི་ཁ་ལས་ཀྱི་ མེ་ཏོག་གི་མངར་ཁུ་དེ་ཨིནམ་ལས་ སྨན་གྱི་ནུས་པ་ཡོད་པའི་ བརྩི་འཇོག་སྐྱེད་ནི་ཡོད་ཟེར་ཨིན་པས།སྐྱེས་ལོ་༥༢ ལང་མི་ མགོན་པོ་རྡོ་རྗེ་གིས་ སྦྱངམ་གསོ་སྐྱོང་གི་ ལཱ་དེ་ཡང་ ཧེ་མ་ ཕམ་གི་སྐབས་ལས་ར་ འབད་ཡོད་རུང་ དེ་བསྒང་ རང་བཟའ་ནིའི་དོན་ལུ་མ་གཏོགས་ ཚོང་འབྲེལ་གྱི་དོན་ལས་མེདཔ་བཞིན་དུ་ ད་རེས་ སྦྲང་རྩི་དེ་ལུ་ མཁོ་འདོད་བཀོད་མི་ ལེ་ཤ་ཡོདཔ་ལས་ མགོན་པོ་རྡོ་རྗེ་གིས་ཡང་ ཚོང་འབྲེལ་འཐབ་ནི་ འགོ་བཙུགས་ཏེ་ཡོདཔ་ཨིན་པས།ད་རེས་ ཁོ་ལུ་ དེང་སང་གི་ སྦྱང་ཚང་སྒྲོམ་༢༧ དང་ སྔར་སྲོལ་གྱི་ སྦྱང་ཚང་༢༠ ཡོདཔ་ད་ གཞུང་གིས་ དེང་སང་གི་ སྦྱང་ཚང་སྒྲོམ་དེ་ གོང་ཚད་ཕབ་ཆའི་་ཐོག་ལས་ གནང་མི་དེ་གིས་ ཐོན་ཁུངས་ལེགས་ཤོམ་ བྱིནམ་མས་ཟེར་ཨིནམ་ད་ སྔར་སྲོལ་གྱི་ སྦྱང་ཚང་འབད་བ་ཅིན་ སྦྲང་རྩི་བསྡུ་བསྒྱོམ་འབདཝ་ད་ སྦྱངམ་ག་ར་ ཕྱི་ཁར་འཕུར་འགྱོཝ་མས་ཟེར་ཨིན་པས།དེ་འབད་ནི་འདི་གིས་ སྔར་སྲོལ་གྱི་ སྦྱང་ཚང་སྒྲོམ་ག་ར་ ད་རེས་ནངས་པའི་ སྦྱང་ཚང་ཚུ་ ཚབ་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ སྦྲང་རྩི་གི་ ཐོན་སྐྱེད་སྐབས་ལུ་ སྒྲོམ་རེ་ལས་ སྦྲང་རྩི་ཀེ་ཇི་༡༠ དེ་རེ་ བསྡུ་བསྒྱོམ་འབད་ཚུགས་པས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *