དྲུང་འཚོ་ཕུན་ཚོགས་ཀྱིས་ སྨན་བཅོས་འབད་བར་འོང་མི་ ནདཔ་ཅིག་དང་ འབྲེལ་བ་འཐབ་པའི་བསྒང་།

རྩི་རང་ལུ་ ནང་པའི་སྨན་བཅོས་སྡེ་ཕྲན་ཅིག་ སྒོ་ཕྱེ་ཡོདཔ།

༉ རྩི་རང་མནྜལ་སྒང་ལས་ སོ་ནམ་པ་ཅིག་ ལྟག་ལྐོག་གཡའ་ཟུག་རྐྱབ་མི་ལུ་བརྟེན་ སྨན་ཁང་ནང་འགྱོཝ་ད་ ཤ་ཁྲ་འམ་ པགས་ནད་ཐོབ་ནུག་ཟེར་ སླབ་ཡོདཔ་ཨིན་པས།
སྐྱེས་ལོ་༤༡ ལང་མི་ ཚེ་དབང་ལུ་ གཡའ་ཟུག་དང་གཅིག་ཁར་ ཁྲ་སྒོར་སྒོར་སྦེ་ཐོན་མི་ པགས་ནད་གུ་ དབུར་ནི་གི་ སྨན་ཅིག་བྱིན་ཡོདཔ་ལས་ ཁོ་གིས་ དབུར་སྨན་ལག་ལེན་འཐབ་སྟེ་ ལོ་ངོ་བཅུ་ཕྲག་༢ ལང་སོ་ནུག།
ཁོ་གིས་ དབུར་སྨན་དེ་ ལག་ལེན་འཐབ་རུང་ ཕན་ཐོགས་མ་བྱུངམ་ལས་ འཕྲལ་ཁམས་ཅིག་ཁར་ ས་གནས་དེ་ནང་ སྒོ་ཕྱེ་མི་ ནང་པའི་སྨན་བཅོས་སྡེ་ཕྲན་སོང་སྟེ་ གསེར་ཁབ་བཙུགས་ཡོདཔ་ཨིན་པས།
གསེར་ཁབ་འགོ་དང་པ་ བཙུགས་མི་དེ་གིས་ ཁོ་གི་ ལྟག་ལྐོག་གཡའ་ནི་དེ་ དྲག་ཡོདཔ་ད་ ཐེངས་གཉིས་པཔའི་ནང་ པགས་ཀོའི་རྨ་ ཁྲ་སྒོར་སྒོར་སྦེ་ ཐོན་མི་དེ་ དྲག་སོཔ་ཨིན་པས།
གསེར་ཁབ་ཐེངས་གསུམ་པམ་དེ་ བདུན་ཕྲག་ཤུལ་མའི་ནང་ བཙུགས་ནི་ཨིན་ཟེར་ ཚེ་དབང་གིས་ བཤདཔ་ཨིན་པས།
ཁོ་གིས་ ས་གནས་ནང་ ནང་པའི་སྨན་བཅོས་ཀྱི་མཐུན་རྐྱེན་ འགོ་མ་བཙུགསཔ་ཚུན་ཚོད་ ནང་པའི་སྨན་བཅོས་འབད་ནི་གི་ མནོ་བསམ་ར་ མ་བཏང་ཟེར་ བཤདཔ་ཨིན་པས།
མ་གཞི་ ནང་པའི་སྨན་བཅོས་ཀྱི་ སྡེ་ཕྲན་དེ་ སྤྱི་ཟླ་༥ པའི་ནང་ལས་ འགོ་བཙུགས་ཡོད་རུང་ གཞུང་འབྲེལ་ཐོག་ལས་ མནྜལ་སྒང་གཞི་རྟེན་སྨན་ཁང་ནང་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ འགོ་འབྱེད་འབད་ནུག།
དྲུང་འཚོ་ཕུན་ཚོགས་ཀྱིས་ བཤད་མིའི་ནང་ མནྜལ་སྒང་ལུ་ ནང་པའི་སྨན་ཁང་སྡེ་ཕྲན་ སྒོ་ཕྱེ་མི་དེ་ རྒེད་འོག་དང་པ་ཨིནམ་བཞིན་དུ་ ད་ཚུན་གྱི་བར་ན་ ན་ཚ་འདྲ་མ་འདྲཝ་ཐོབ་མི་ ནདཔ་༨༢ དེ་ཅིག་གིས་ སྨན་ཁང་ནང་ འོང་སྟེ་ སྨན་བཅོས་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ནདཔ་༨༢ ལས་༢༩ པགས་ནད་དང་ རྐང་ཚིགས་ལག་ཚིགས་ན་མི་ཚུ་ཨིནམ་ལས་ གསེར་ཁབ་བཙུགས་ཏེ་ བཏང་ཡི་ཟེར་ཨིན་པས།
ད་ལྟོ་ ནང་པའི་སྡེ་ཕྲན་དེ་གིས་ གསེར་ཁབ་དང་ རླངས་ལུམས་ལ་སོགས་པ་ སྨན་བཅོས་ཞབས་ཏོག་ཁག་མ་འདྲཝ་༤ བྱིན་དོ་ཡོདཔ་ཨིན་པས།
འགྲམ་ཕུག་སྨན་ཁང་གི་ ནང་པའི་སྨན་བཅོས་ཀྱི་ སྡེ་ཕྲན་ནང་ ཟླཝ་རེ་ལུ་ ནདཔ་༣༠༠ དེ་ཅིག་ སྨན་བཅོས་འབད་བར་ འོང་དོ་ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ ནང་པའི་སྨན་ཁང་ནང་ སྨན་བཅོས་འབད་བར་ མང་ཤོས་ར་ མནྜལ་སྒང་དང་ དུང་ལ་སྒང་རྒེད་འོག་ཚུ་ནང་ལས་ འོངམ་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

 

About admin

Check Also

གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …

Leave a Reply

Your email address will not be published. Required fields are marked *