རྩི་རང་ལུ་འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་ཚུ་ལུ་དྲི་བཀོད།

༉ སྤྱི་ཟླ་༤ པའི་ཚེས་༩ ལུ་ བཙག་འཐུའི་འགོ་དཔོན་ཚུ་གིས་ རྩི་རང་ལུ་ འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་ཅིག་ཨིན་མི་ དཀར་ལེགས་འབྲུག་པ་དེ་ དྲི་དཔྱད་འབད་ཡོདཔ་མ་ཚད་ ཁོ་གི་འགྲུལ་འཕྲིན་དེ་ཡང་ འཕྱོག་བཟུང་འབད་ཡོད་པའི་ ལོ་རྒྱུས་འདུག།
ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ སྐྱེས་ལོ་༥༡ ལང་མི་ དཀར་ལེགས་འབྲུག་པ་དེ་ འགྲམ་ཕུག་ཁྲོམ་ཁ་ཐུག་ལུ་ ལམ་འགྱོ་བའི་བར་ན་ སྣུམ་འཁོར་པ་ར་ཌོ་ཅིག་ ཁོ་གི་གདོང་ཁར་ བཀག་ཡོདཔ་ད་ དེ་བསྒང་སྣུམ་འཁོར་ནང་ལས་ འགྲམ་ཕུག་ཁྲིམས་སྲུང་འགག་སྡེ་ལས་ ཊེག་སུཊི་དོརམ་ཁེན་འཇར་གྱོན་མི་ འགྲིམ་དཔོན་ཅིག་དང་ ཕོ་སྐྱེས་༢ ཐོན་འོང་ཞིནམ་ལས་ ཁོང་ཆ་ཁྱབ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལས་ འགོ་དཔོན་ཚུ་ཨིནམ་སྦེ་ ངོ་སྤྲོད་འབད་དེས་ཟེར་ དཀར་ལེགས་འབྲུག་པ་གིས་ ཁ་ཉེས་བཀལཝ་ཨིན་པས།
ཁོ་གིས་འབད་བ་ཅིན་ འགོ་དཔོན་ཚུ་གིས་ ཁོ་ལུ་ ཁྱོད་ སྲིད་དོན་ཚོགས་པ་ག་ཅི་ནང་ཨིནམ་སྨོ་དང་ ཚོགས་པའི་དོན་ལུ་ ཡོངས་འབྲེལ་ཝི་ཅེཊ་སྡེ་ཚན་ཡོད་ག་ཟེར་ དྲི་དེས་ཟེར་ཨིནམ་ད་ དཀར་ལེགས་འབྲུག་པ་དེ་ སེམས་ལྗོངས་རྒེད་འོག་ནང་ སྡོདཔ་ཨིན་པས།
ཁོ་གིས་ ཁ་ཉེས་བཀལ་མིའི་ནང་ འགོ་དཔོན་ཚུ་གིས་ ཁོ་ར་ ཁོང་སྡོད་སའི་ མགྲོན་ཁྱིམ་ནང་ ཁྱིད་སོང་པའི་ཤུལ་ལུ་ ཁོང་ཆ་ཁྱབ་ འབྲུག་ཕུན་སུམ་ཚོགས་པའི་ ཝི་ཅེཊ་སྡེ་ཚན་གྱི་ བཟའ་ཚང་དང་པའི་ནང་ ཁོ་ར་དང་ ཆ་རོགས་དག་པ་ཅིག་གིས་ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ལམ་ལུགས་ལུ་ བློ་གཏད་ཡིད་ཆེས་ཡོད་མེད་སྐོར་ གྲོས་བསྡུར་འབད་མི་དེ་ ཞིབ་དཔྱད་འབད་བར་འོང་ཡོདཔ་སྦེ་ སླབ་དེས་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ ཁོ་རའི་ འགྲུལ་འཕྲིན་གྱི་ གསང་ཨང་དང་སྦྲགས་ འབག་ཤོག་ཟེར་ སླབ་མི་ལུ་བརྟེན་ ཁོང་ལུ་ སྤྲོད་པའི་ཤུལ་ལས་ འགྲུལ་འཕྲིན་ལོག་མ་ཐོབ་ཟེར་ དཀར་ལེགས་འབྲུག་པ་གིས་ སླབ་ཨིན་པས།
དེ་ལས་ འགོ་དཔོན་ཚུ་གིས་ དམིགས་བསལ་དུ་ ཁོ་ལུ་ དྲི་བ་༦ བཀོད་ཡོད་མི་ལས་༡ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ལམ་ལུགས་ལུ་ ཁོ་དང་ ཁོ་རའི་ཆ་རོགས་ཚུ་ ག་ཅི་སྦེ་ བློ་གཏད་ཡིད་ཆེས་མེདཔ་ཨིན་ནའི་སྐོར་ གྲོས་བསྡུར་འགོ་འདྲེན་འཐབ་དགོཔ་ཨིན་ན་ཟེར་ བཀོད་ཡོདཔ་མ་ཚད་ ཝི་ཅེཊ་སྡེ་ཚན་ནང་ཡོད་མི་ ཆ་རོགས་ཚུ་ ག་ཏེ་ལས་ཕར་ཡོད་ག་ཟེར་ དྲི་བ་ཡང་ བཀོད་དེ་ཟེར་ དཀར་ལེགས་འབྲུག་པ་གིས་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ འགོ་དཔོན་ཚུ་གིས་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་ནང་ བཙག་འཐུ་འགོ་དཔོན་དང་ ཉེན་སྲུང་ལྟ་རྟོག་པ་ཅིག་གིས་ བཙག་འཐུའི་གྲུབ་འབྲས་ཚུ་ལུ་ རྒྱུད་བསྐུལ་འབད་ཡོད་པའི་སྐོར་ སྡེ་ཚན་གྱི་ འཐུས་མི་དག་པ་ཅིག་གིས་ བསྐོར་གཏམ་སྦེ་ ལོ་རྒྱུས་སླབ་མི་དེ་ལུ་ ཁོ་གིས་ ག་ཅི་སྦེ་ རྒྱབ་སྐྱོར་འབདཝ་ཨིན་ན་ཟེར་ དྲི་བ་བཀོད་དེས་ཟེར་ ཁོ་གིས་ ནན་བསྐྱར་དུ་ ཁ་ཉེས་བཀལཝ་ཨིན་པས།
ཁོ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཝི་ཅེཊ་ནང་ གྲོས་བསྟུན་འབད་ནི་ཡང་ སྤྱི་ལོ་༢༠༡༧ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ བསམ་འཆར་ཚུ་ ལེན་ནིའི་དོན་ལུ་ ཁོ་གིས་ སྡེ་ཚན་དེ་གི་ འཐུས་མི་གཞན་ཚུ་ལུ་ཡང་ ད་རེས་ བརྡ་དོན་འཕྲུལ་རིག་གོང་འཕེལ་སོང་མི་ལུ་བརྟེན་ ད་ལྟོའི་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་བསྐྱུར་ནི་དེ་ བློ་བདེ་ཏོག་ཏོ་ཅི་ མི་འོང་ནི་བཟུམ་འདུག་ཟེར་ སླབ་ཡོདཔ་མ་ཚད་ འགྲེམ་ཐོག་ཚོགས་རྒྱན་དེ་ཡང་ འབྲེལ་ཡོད་ས་ཁོངས་ནང་ མ་ལྷོད་ཚུན་ཚོད་ ལེགས་ཤོམ་སྦེ་ ལྟ་རྟོག་འབད་ནིའི་ ལམ་ལུགས་དགོ་པའི་སྐོར་ བསམ་འཆར་བཀོད་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་རྒྱན་ལམ་ལུགས་དེ་ བསྒྱུར་བཅོས་འབད་ནི་གི་ བསམ་འཆར་དང་ གནས་སྐབས་བཏོན་ཡོདཔ་མ་གཏོགས་ ཚོགས་རྒྱན་འཕྲུལ་ཆས་ ཡང་ཅིན་ འགྲེམ་ཐོག་ཚོགས་རྒྱན་ གཡོ་བཅོས་འབད་བའི་ ཁ་ཉེས་ག་ལུ་ཡང་ བཀལ་བཀལཝ་མེད་ཟེར་ཨིན་པས།
དཀར་ལེགས་འབྲུག་པ་གིས་ བཙག་འཐུ་འགོ་དཔོན་ཚུ་ལུ་ ཁ་ཉེས་བཀལ་མིའི་ནང་ ཚོགས་པའི་ཝི་ཅེཊ་སྡེ་ཚན་གྱིས་ ཚོགས་པ་དེ་ ག་དེམ་ཅིག་ སྒྲིང་སྒྲི་དང་ དར་ཁྱབ་ཡོདཔ་ཨིན་ནའི་སྐོར་ལས་ཡང་ དྲི་བཀོད་འབད་དེས་ཟེར་ཨིན་པས།
དྲོ་པའི་ཆུ་ཚོད་༡༡ ལས་ ཕྱི་རུ་ཆུ་ཚོད་༤ ཚུན་ དུས་ཡུན་ཆུ་ཚོད་༥ གི་རིང་ དྲི་དཔྱད་འབད་བའི་སྐབས་ ཁོ་ལུ་ ན་ཧིང་ བཙག་འཐུའི་ལྷན་འཛིན་ཅིག་ རྩི་རང་ལུ་འོངམ་ད་ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་གྱི་སྐོར་ལས་ ལྷན་འཛིན་ལུ་ དྲི་བ་ཞུ་་མི་ཚུ་ ངོ་ཤེས་ག་ཟེར་ དྲི་བ་ཡང་ བཀོད་དེས་ཟེར་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༡༠ ལུ་ འགོ་དཔོན་དེ་ཚུ་ ཅང་ཅེ་ལུ་ འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་བགྲེསཔ་ཅིག་གི་ ཁྱིམ་ནང་ཡང་ སོང་ཡོདཔ་ད་ ཅང་ཅེ་དེ་ རྩི་རང་ཁྲོམ་ལས་ ཀི་ལོ་མི་ཊར་༡༠ གྱི་ ས་གནས་ཁར་ཡོདཔ་ཨིན་པས།
འགོ་འདྲེན་པ་བགྲེསཔ་གིས་ ཁ་ཉེས་བཀལ་མིའི་ནང་ བཙག་འཐུའི་འགོ་དཔོན་ཚུ་གིས་ གནད་དོན་ཅོག་འཐདཔ་སྐོར་ དྲི་བ་བཀོད་པའི་ཁར་ ཡིག་ཐོག་ལུ་ ངག་བརྗོད་ཅིག་ཡང་ བྱིན་དགོཔ་སྦེ་ སླབ་ཡོད་རུང་ ཁོ་གིས་ ངོས་ལེན་མ་འབད་ཟེར་ཨིནམ་ད་ ངག་བརྗོད་དེ་ ཁོང་གིས་ བྲིས་ཞིནམ་ལས་ མིང་རྟགས་བཀོད་བཅུག་ཅི་ཟེར་ ཁོ་གིས་ བཤད་པའི་ཁར་ ཁོང་གིས་ འཇིགས་སྐྲག་སྟོན་མི་ལུ་བརྟེན་ བྱ་ཐབས་མེད་པར་ ས་ཡིག་རྐྱབ་དགོཔ་ ཐོན་སོ་ཡི་ཟེར་ སླབ་ཨིན་པས།
སྐྱེས་ལོ་༦༥ ལང་མི་ ཚོགས་པ་བགྲེསཔ་དེ་ སྤྱི་ལོ་༢༠༡༣ ཟླ་༢ པ་ལས་ ཚོགས་པའི་འཐུས་མི་ལས་ དགོངས་ཞུ་འབད་ཡོད་རུང་ ཚོགས་པའི་འཐུས་མི་ཅིག་གིས་ ཁོ་ར་ ཝི་ཅེཊ་སྡེ་ཚན་ནང་ བཙུགས་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འགོ་དཔོན་ཕོ་སྐྱེས་༢ ཀྱི་སྦུག་ལུ་བཙུགས་ཏེ་ འགོ་དཔོན་ཨམ་སྲུ་ཅིག་གིས་ ངག་བརྗོད་ཚུ་ སྒྲ་བཟུང་སྟེ་ འབག་སོང་ཡི་ཟེར་ཨིནམ་ད་ ཁོ་ལུ་ དྲི་བ་དེ་ཡང་ དུས་ཡུན་ཆུ་ཚོད་༡ གི་རིང་ བཀོད་ཅི་ཟེར་ཨིན་པས། ཁོ་གིས་ འགོ་དཔོན་ཚུ་ལུ་ ངོ་རྟགས་དང་ ཡང་ཅིན་ རྫོང་ཁག་བདག་སྐྱོང་དང་ ཁྲིམས་འདུན་གང་རུང་ལས་ ཞིབ་དཔྱད་འབད་དགོ་པའི་ ཡི་གུ་བཏོན་གནང་ཟེར་སླབ་ད་ ག་ནི་ཡང་ བཏོན་ནི་མིན་འདུག་ཟེར་ཨིན་པས།
ཚོགས་པ་བགྲེསཔ་གིས་ མི་ཚུ་ ལམ་འགྱོ་བའི་སྐབས་དང་ རང་སོའི་ཁྱིམ་ནང་ འོང་ཞིནམ་ལས་ འཇིགས་སྐྲག་སྟོན་མི་དེ་ རྟགས་མཚན་ལེགས་ཤོམ་ཅིག་མེན་ཟེར་ བཤད་པའི་ཁར་ ད་རེས་ ཝི་ཅེཊ་ཐོག་ལུ་ གྲོས་བསྟུན་འབད་མི་དེ་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་བཙུགས་ནིའི་ ལམ་ལུགས་དེ་ མ་འོངས་པར་ ལེགས་ཤོམ་འགྱོ་ཐབས་ལུ་དམིགས་ཏེ་ཨིན་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ དཀར་ལེགས་འབྲུག་པ་བཟུམ་སྦེ་ འགོ་དཔོན་ཚུ་ལུ་ ཁོ་གི་ འགྲུལ་འཕྲིན་སྤྲོད་མ་བཏུབ་པས། གནད་དོན་དེ་གི་སྐོར་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ག་ནི་ཡང་ སླབ་མ་བཏུབ།
རྩི་རང་གི་ བཙག་འཐུ་འགོ་དཔོན་ཚུ་གིས་ བཙག་འཐུ་ལྷན་ཚོགས་ཡིག་ཚང་ལྟེ་བ་ལས་ སྡེ་ཚན་ཅིག་ རྫོང་ཁག་ནང་ལྷོད་ཡོདཔ་ ཤེས་རྟོགས་བྱུང་ཡོད་རུང་ གནད་དོན་ག་ཅིའི་དོན་ལུ་ འོང་ཡོདཔ་ཨིན་ན་ མ་ཤེས་པས། ཡིག་ཚང་ལྟེ་བ་ལས་ འགོ་དཔོན་ཅིག་གིས་ སྡེ་ཚན་ཅིག་ རྩི་རང་ལུ་ བཏང་བཏངམ་ཨིནམ་སྦེ་ སླབ་ཡོད་པའི་གནས་ཚུལ།

ནིར་མ་ལ་ པོག་རེལ་དང་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *