རྩི་རང་རྫོང་ཁག་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༢༣,༦༩༦ ཡོད་མི་ལས་༡༨,༦༦༨ ཀྱིས་ ཚོགས་རྒྱན་ཐོབ་ནུག།

རྩི་རང་རྫོང་ཁག་ནང་ ཁམ་ཤིང་མེ་ཏོག་གི་དོན་ལུ་ འགྲན་ཟླ་དང་བྲལ་བའི་རྒྱལ་ཁ།

༉ ཁ་ཙ་ སྤྱིར་བཏང་བཙག་འཐུའི་ སྔོན་འགྲོའི་གྲུབ་འབྲས་དང་འཁྲིལཝ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་ རྩི་རང་རྫོང་ཁག་འོག་གི་ འདེམས་ཁོངས་གཉིས་ཆ་ར་ལས་ ཚོགས་རྒྱན་གྱི་གྱངས་ཁ་ འབོར་ཆེ་ཏོག་ཏོ་ཐོབ་སྟེ་ རྒྱལ་ཁ་ཐོབ་ཅི།

མཉམ་རུབ་ཚོགས་པ་གིས་ འདེམས་ཁོངས་གཉིས་ཆ་རའི་ནང་ འགྲེམ་ཐོག་དང་ འཕྲུལ་ཆས་ཐོག་གི་ ཚོགས་རྒྱན་ཚུ་ནང་ འགྲན་ཟླ་དང་བྲལ་བའི་རྒྱལ་ཁ་ཐོབ་ཅི།

གསེར་གྱི་ཐང་-རྩི་རང་སྟོད་འདེམས་ཁོངས་ལས་ མཉམ་རུབ་ཚོགས་པའི་འདེམས་ངོ་ གར་ཇ་མཱན་རའི་གིས་ ཚོགས་རྒྱན་བསྡོམས་༦,༠༧༧ ཐོབ་མི་ལས་༡,༨༠༦ འགྲེམ་ཐོག་ཚོགས་རྒྱན་ཨིནམ་ད་ ཁོ་གི་དོ་འགྲན་པ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀེ་ཝཱལ་རམ་ཨ་དི་ཀ་རི་གིས་ ཚོགས་རྒྱན་བསྡོམས་༢,༩༤༥ ཐོབ་མི་ལས་༩༠༩ འགྲེམ་ཐོག་ཚོགས་རྒྱན་ཨིན་པས།

དཀྱིལ་འཁོར་ཐང་-མནྜལ་སྒང་འདེམས་ཁོངས་ལས་ མཉམ་རུབ་ཚོགས་པའི་འདེམས་ངོ་ བི་མཱལ་ཐ་པ་གིས་ ཚོགས་རྒྱན་བསྡོམས་༦,༦༨༡ ཐོབ་ཡོདཔ་ད་ ཕུན་སུམ་ཚོགས་པའི་འདེམས་ངོ་ གཡང་ཁུག་ཚེ་རིང་ཤེར་པ་གིས་ ཚོགས་རྒྱན་བསྡོམས་༢,༩༦༥ ཐོབ་ནུག།

གཡང་ཁུག་ཚེ་རིང་གིས་ འགྲེམ་ཐོག་ཚོགས་རྒྱན་༡,༠༡༩ ཐོབ་མི་དང་ཕྱདཔ་ད་ བི་མཱལ་ཐ་པ་གིས་༡,༩༥༤ ཐོབ་མི་དེ་ མཐོ་ཤོས་ཨིན་པས།

གར་ཇ་མཱན་རའི་གི་དོན་ལུ་ གྲུབ་འབྲས་དེ་ ཧ་ལས་སི་སི་ཅིག་མེན་རུང་ དམིགས་བསལ་སྦེ་ར་ སེམས་དགའ་མི་དེ་ཡང་ འདེམས་ཁོངས་ལས་ ཁོ་ར་རྒྱལ་ནིའི་ ཡིད་ཆེས་སྡོད་རུང་ འགྲན་ཟླ་མེདཔ་སྦེ་ རྒྱལ་ཁ་འཐོབ་འོང་ཟེར་ མནོ་བསམ་མ་བཏངམ་ཨིན་པས།

དེ་སྦེ་ རྒྱལ་ཁ་ཐོབ་དགོ་པའི་ རྒྱུ་མཚན་གཙོ་བོ་ར་ མ་འོངས་ཡུན་རིང་ལུ་ཕན་པའི་ ཁས་བླང་གསལ་བསྒྲགས་ གསལ་ཏོག་ཏོ་ཡོད་མི་ལུ་བརྟེན་ ཨིནམ་མ་ཚད་ མི་མང་གི་ཧོངས་ལས་ ལྕོགས་གྲུབ་ཅན་དང་ ཕན་ནུས་ཅན་ཅིག་སྦེ་ བློ་གཏད་དེ་ ཐག་བཅད་མི་ ཚོགས་པའི་སྲིད་འཛིན་ བློ་གྲོས་ཚེ་རིང་ལུ་བརྟེན་ཏེ་ཨིན་ཟེར་ གར་ཇ་མཱན་རའི་གིས་ བཤདཔ་ཨིན་པས།

དེ་བཟུམ་སྦེ་ བི་མཱལ་ཐ་པ་གིས་ བཤད་མིའི་ནང་ གྲུབ་འབྲས་དེ་ ཁོ་རའི་རེ་འདོད་ལྟར་ བྱུང་ཡོདཔ་མ་ཚད་ འགོ་ཐོག་བཙགས་འཐུའི་སྐབས་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་གྱི་གྱངས་ཁ་ འབོར་ཆེ་ཏོག་ཏོ་སྦེ་ རྒྱལ་ཁ་ཐོབ་ཡོདཔ་ལས་ དེ་ལུ་ གཞི་བཞག་སྟེ་ ད་རིས་ སྤྱིར་བཏང་བཙག་འཐུའི་སྐབས་ལུ་ཡང་ རྒྱལ་ཁ་འཐོབ་ནིའི་ བློ་སྤོབས་ཐོབ་ཅི་ཟེར་ཨིན་པས།

ད་རིས་ཀྱི་ གྲུབ་འབྲས་ཀྱིས་ མི་མང་ལུ་ འགྱུར་བ་དགོ་པའི་ བརྡ་མཚོན་ གསལ་སྟོན་འབད་ཡི་ཟེར་ བཤདཔ་ཨིན་པས།

མི་མང་གིས་ ཁོ་རའི་ཚོགས་པ་དང་ ཁས་བླང་གསལ་བསྒྲགས་ལུ་ བློ་གཏད་ཡིད་ཆེས་བསྐྱེད་དེ་ འགྱུར་བ་གསརཔ་གི་དོན་ལས་ ཐག་བཅད་མི་ལུ་ བཀའ་དྲིན་དགའ་ཚོར་ སྦོམ་ཡོད་ཟེར་ བཤདཔ་ཨིན་པས།

རྩི་རང་རྫོང་ཁག་ནང་ ཚོགས་རྒྱན་བསྐྱུར་བའི་ཉིནམ་དེ་ནང་ སྟབས་མ་བདེཝ་ ག་ནི་ཡང་མ་ཐོན་པར་ ཞི་འཇམ་ཐོག་ འགོ་འདྲེན་འཐབ་ཚུགས་ཡོདཔ་ད་ རྫོང་ཁག་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༢༣,༦༩༦ ཡོད་མི་ལས་༡༨,༦༦༨ ཀྱིས་ ཚོགས་རྒྱན་བསྐྱུར་བར་འོང་མི་དེ་ བརྒྱ་ཆ་༧༨.༨ ཨིནམ་ལས་ འགོ་ཐོག་བཙག་འཐུ་དང་ཕྱདཔ་ད་ བརྒྱ་ཆ་༡༥.༥ ཡར་སེང་སོང་་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཀརྨ་བསྟན་འཛིན།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *