རྩི་རང་རྫོང་ཁག་གིས་ འཆར་གཞི་༡༢ པའི་དོན་ལུ་ གོ་ཡངས་དུས་ཚོད་དགོ་པའི་ཞུ་བ།

༉ རྩི་རང་རྫོང་ཁག་བདག་སྐྱོང་གིས་ ལོ་ལྔའི་འཆར་གཞི་༡༢ པའི་ འཆར་དངུལ་ཚུ་ ཚུལ་ལྡན་ལག་ལེན་འཐབ་ནིའི་དོན་ལུ་ ད་རུང་ གོ་ཡངས་དུས་ཚོད་དགོ་པའི་ གྲོས་བསྟུན་འབད་ཡོདཔ་ཨིན་པས།

གནད་དོན་དེ་ཡང་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་གཅིག་ཁར་ གྲོས་བསྟུན་ཞལ་འཛོམས་འཚོགས་པའི་སྐབས་ ཐོན་ཡོདཔ་ད་ རྫོང་ཁག་བདག་སྐྱོང་གིས་ གོ་ཡངས་དུས་ཚོད་ མེད་མི་ལུ་བརྟེན་ འཆར་གཞི་ལཱ་ཚུ་ ལག་ལེན་འཐབ་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།

རྫོང་བདག་ངག་དབང་དཔལམོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གོ་ཡངས་དུས་ཚོད་མེད་མི་ལུ་བརྟེན་ འཆར་དངུལ་མེད་མི་ ལས་སྣ་གཞན་གྱི་དོན་ལུ་ ལག་ལེན་འཐབ་བཏུབ་མི་ མ་དངུལ་ཚུ་ ལོ་བསྟར་བཞིན་དུ་ ལག་ལེན་འཐབ་མ་ཚུགས་པར་ འཆར་དངུལ་འབོར་ཆེ་དྲགས་སྦེ་ ལོག་སྟེ་ གཞུང་ལུ་ གཏང་དགོཔ་ཐོནམ་མས་ཟེར་ཨིན་པས།

ལྷན་ཚོགས་ཀྱི་ དྲུང་ཆེན་གྱིས་གཙོས་པའི་ འགོ་དཔོན་ཚུ་གིས་ རྫོང་ཁག་ག་རའི་ནང་ འཆར་གཞི་༡༢ པའི་འཆར་གཞི་དང་འབྲེལ་བའི་ གྲོས་བསྟུན་ཞལ་འཛོམས་འཚོགས་པར་ འགྱོ་དོ་ཡོདཔ་ཨིན་པས།

ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ རྩི་རང་རྫོང་ཁག་གི་དོན་ལུ་ འཆར་གཞི་༡༢ པའི་ནང་ སོ་ནམ་དང་ སྒོ་ནོར་ལས་ཁུངས་ནང་ ཡར་དྲག་གཏང་དགོཔ་ཚུ་ སེམས་ཁར་བཞག་དགོཔ་འདུག་ཟེར་ཨིནམ་ད་ ལྷན་ཚོགས་ཀྱི་ འཆར་གཞི་འགོ་དཔོན་ བསོད་ནམས་ཡར་འཕེལ་གྱིས་ འཕྲལ་ཁམས་ཅིག་ཁར་ ཞིབ་དཔྱད་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ རྩི་རང་རྫོང་ཁག་དེ་ སོ་ནམ་དང་སྒོ་ནོར་མང་སུ་ གསོ་སྐྱོང་འབད་མི་ རྫོང་ཁག་ཅིག་ཨིན་རུང་ བརྒྱ་ཆ་༣༥ ལས་ མ་ཐོན་པས་ཟེར་ཨིན་པས།

དེ་མ་ཚད་ རྫོང་ཁག་དེ་ནང་ སེམས་ཁམས་ཀྱི་ནད་གཞི་ཡོད་མི་ མཐོ་ཤོས་༤ པའི་ནང་ ཚུད་དེ་ཡོདཔ་ད་ རྫོང་ཁག་གི་མི་སེར་བརྒྱ་ཆ་༡༣ ལུ་ སེམས་ཁམས་ཀྱི་ ནད་གཞི་ཡོདཔ་ཨིན་རུང་ རྫོང་ཁག་ནང་ ཚུལ་ལྡན་ཞིབ་འཚོལ་ཚུ་ མ་འབད་བར་ཡོདཔ་ཨིན་པས།

འཆར་གཞི་༡༢ པའི་དམིགས་དོན་ཚུ་ གསལ་བཤད་འབདཝ་དང་གཅིག་ཁར་ ལྷན་ཚོགས་ཀྱི་དྲུང་ཆེན་ འཕྲིན་ལས་རྣམ་རྒྱལ་གྱིས་ རྫོང་ཁག་གི་འགོ་དཔོན་ཚུ་ལུ་ འདས་པའི་འཆར་གཞི་ནང་མ་ཚུད་པར་ལུས་མི་ གོང་འཕེལ་གྱི་ལས་སྣ་ཚུ་ལུ་ གཙོ་རིམ་བཟུང་དགོ་ཟེར་ བཤད་ཡོདཔ་ད་ དྲུང་ཆེན་གྱིས་ འཆར་གཞི་༡༡ པའི་ནང་ གཙོ་རིམ་མང་ཤོས་ར་ མཐུན་རྐྱེན་གྱི་གོང་འཕེལ་ལུ་ གཙོ་རིམ་བཟུང་ནུག་ཟེར་ཨིན་པས།

དྲུང་ཆེན་གྱིས་ དཔེར་ན་ འདས་པའི་འཆར་ལོ་ནང་ སོ་ནམ་ཞིང་ལམ་ཚུ་ མཐའ་ཟུར་གྱི་ ས་གནས་མང་ཤོས་ཅིག་ནང་ ལྷོདཔ་ལས་ ཆརཔ་དུམ་གྲ་ཅིག་རྐྱབ་རུང་ བསུབས་དོ་ཡོདཔ་ད་ ད་ལས་ཕར་ སོ་ནམ་ཞིང་ལམ་ གསརཔ་བཏོན་ནི་ལུ་ གཙོ་རིམ་མ་བཟུང་པར་ ཧེ་མ་ ལམ་སེལ་བཞག་མི་ཚུ་ ལག་ལེན་འཐབ་བཏུབ་བཟོ་ནི་ལུ་ གཙོ་རིམ་བཟུང་དགོ་ཟེར་ བཤད་ཡོདཔ་ཨིན་པས།

རྫོང་ཁག་གི་ འཆར་གཞི་༡༢ པའི་ནང་ གཙོ་རིམ་མཐོ་ཤོས་དེ་ དབང་པོ་སྐྱོན་ཅན་གྱི་ དཀའ་ངལ་སེལ་ནི་དེ་ཨིནམ་ད་ ད་ཚུན་ རྫོང་ཁག་ནང་ དབང་པོ་སྐྱོན་ཅན་༣༣ ཡོད་མི་དེ་ རྫོང་ཁག་ཚུ་གི་གྲས་ལས་ མཐོ་ཤོས་ཨིནམ་ད་ བཀྲིས་གཡང་རྩེ་ལུ་འབད་བ་ཅིན་༣༢ དང་ བཀྲིས་སྒང་དང་ དར་དཀར་ནང་ལུ་འབད་བ་ཅིན་༣༡ རེ་ ཡོདཔ་ཨིན་པས།

རྫོང་ཁག་ནང་ ད་རུང་ ཚ་གྱང་ཡོད་པའི་གནད་དོན་དེ་ རང་སྲོག་བཅད་མི་ མང་སུ་ཐོན་པའི་ དཀའ་ངལ་ཡོདཔ་ད་ འདས་པའི་ལོ་༦ གི་ནང་འཁོད་ལུ་ མི་༣༢ ཀྱིས་ རང་སྲོག་བཅད་ཡོདཔ་ལས་ རྫོང་ཁག་གིས་ འཆར་གཞི་༡༢ པའི་ནང་ གནད་དོན་དེ་ལུ་ གཙོ་རིམ་བཟུང་ནི་ཨིནམ་ད་ ལྟ་བཤལ་ལས་སྡེ་ལུ་ཡང་ གཙོ་རིམ་བཟུང་ནིའི་ འཆར་གཞི་ཚུ་ ཡོད་པའི་གནས་ཚུལ།

About admin

Check Also

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས། སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ …

Leave a Reply

Your email address will not be published. Required fields are marked *