ཕྱགས་སྙིགས་བསྡུ་བསྒྱོམ་འབད་བའི་བསྒང་།

རྩི་རང་རྫོང་ཁག་གིས་ ཟླཝ་༦ ནང་ ཕྱགས་སྙིགས་ཀེ་ཇི་༢༠,༠༠༠ དེ་ཅིག་ བསྡུ་བསྒྱོམ་འབད་ཡོདཔ།

༉ རྩི་རང་རྫོང་ཁག་དེ་ གཙང་སྦྲ་དང་ལྡནམ་སྦེ་བཟོ་ནི་ལུ་ ཤུགས་བཏོན་དོ་ཡོདཔ་ལས་ འདས་པའི་ཟླཝ་༦ གི་ནང་འཁོད་ལུ་ རྫོང་ཁག་གིས་ ཁྲོམ་སྡེ་དང་ གཡུས་ཚན་ཚུ་ནང་ལས་ ཕྱགས་སྙིགས་ཀེ་ཇི་༢༠,༠༠༠ དེ་ཅིག་ བསྡུ་བསྒྱོམ་འབད་ཡོདཔ་ཨིན་པས།
ཕྱགས་སྙིགས་ཚུ་ཡང་ ཕྱགས་བདར་ལས་རིམ་ཚུ་ འགོ་འདྲེན་འཐབ་སྟེ་ བསྡུ་བསྒྱོམ་འབད་ཡོདཔ་ད་ རྫོང་ཁག་གིས་ ཟླཝ་༡ རེས་གཟའ་ཉིམ་ལུ་ ཨ་རྟག་ར་ ཕྱགས་བདར་ལས་རིམ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ ཁྲོམ་སྡེ་ནང་རྐྱངམ་གཅིག་མེན་པར་ རྒེད་འོག་དང་ སྤྱི་འོག་ཚུ་ནང་ལས་ཕར་ཡང་ འགོ་འདྲེན་འཐབ་ཅི་ཟེར་ རྫོང་ཁག་གི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྫོང་ཁག་རང་བཞིན་གནས་སྟངས་འགོ་དཔོན་ བྱང་ཆུབ་རྡོ་རྗེ་གིས་ སླབ་མིའི་ནང་ གཡུས་སྒོ་ཚུ་ནང་ལས་ཐོན་མི་ ཕྱགས་སྙིགས་ཚུ་ སྤྱི་འོག་རེ་ནང་ དངུལ་ཀྲམ་༢,༠༠༠ རེ་ ཟད་འགྲོ་བཏང་ཐོག་ལས་ ཕྱགས་སྙིགས་བཀོ་སའི་ལྟེ་བ་རེ་ བཟོ་སྐྲུན་འབད་མིའི་ནང་ བཀོག་དོ་ཟེར་ཨིན་པས།
རྫོང་ཁག་གི་ ཕྱགས་སྙིགས་བསྡུ་ལེན་འབད་མི་ སྣུམ་འཁོར་ཊཱག་༡ ཕྱགས་སྙིགས་བསྡུ་ལེན་འབད་ས་ ཁྲོམ་སྡེ་ལས་ ཀི་ལོ་མི་ཊར་༡༠ གྱི་ས་ཁར་ཡོད་མི་ དར་རྒྱས་ལས་ ཕྱགས་སྙིགས་བསྡུ་ནིའི་དོན་ལུ་ བཞག་སྟེ་ཡོདཔ་ཨིན་པས།
བྱང་ཆུབ་རྡོ་རྗེ་གིས་ བཤད་མིའི་ནང་ མི་སེར་ཚུ་གིས་འབད་རུང་ ཕྱགས་བདར་ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ བཅའ་མར་གཏོགས་མི་ མང་སུ་འཐོན་ནི་འདུག་ཟེར་ཨིནམ་ད་ ད་རེས་ ལས་རིམ་ནང་ བཅའ་མར་གཏོགས་མི་༢༢༠༠ དེ་ཅིག་ འོང་ཡི་ཟེར་ཨིན་པས།
ང་བཅས་ཀྱིས་ མི་མང་འཛོམས་པའི་སྐབས་ ཕྱགས་སྙིགས་དང་འབྲེལ་བའི་ གོ་བརྡ་ཚུ་ མ་ཆད་པར་ སྤྲོད་དོ་ཟེར་ ཁོ་གིས་བཤད་པའི་ཁར་ མི་ཚུ་ལུ་ ཕྱགས་སྙིགས་ཀྱི་སྐོར་ལས་ འཕྲལ་འཕྲལ་སྦེ་ར་ དྲན་ཚོར་འབད་དགོཔ་ ཐོནམ་མས་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཞིབ་འཚོལ་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ རྩི་རང་རྫོང་ཁག་གི་ ཁྱིམ་གུང་བརྒྱ་ཆ་༧༠ དེ་ཅིག་གིས་ རང་སྡོད་སའི་ མཐའ་འཁོར་ལས་ཕར་ ཕྱགས་སྙིགས་བཀོ་སའི་ ས་དོང་ཚུ་བཟོ་སྟེ་ཡོད་པའི་ ངོས་འཛིན་བྱུང་ནུག།
ལས་རིམ་དེ་གིས་ ད་རེས་ མི་མང་གིས་ མཐོང་གསལ་བྱུང་མི་དེ་ འགྲམ་ཕུག་ཁྲོམ་ཁར་ ཕྱགས་སྙིགས་ཚུ་ མར་འབབ་འགྱོ་སར་མཐོང་དོ་ཡོདཔ་ད་ ཁྲོམ་ཁར་ ཕྱགས་སྙིགས་ཀྱི་དྲིམ་ཚུ་ཡང་ ཧེ་མ་བཟུམ་སྦེ་ མི་མནམ་དོ་ཡོདཔ་ཨིན་པས།
ཁྲོམ་སྡེ་ ཧིང་སངས་ས་བཞག་ཐབས་ལུ་ ཁྲོམ་སྡེ་གིས་ མི་གྲངས་༤ འབད་མི་ ཚོགས་ཆུང་ཅིག་བཟོ་སྟེ་ཡོདཔ་ལས་ ཁོང་གིས་ ཕྱགས་སྙིགས་འཛིན་སྐྱོང་དང་འབྲེལ་བའི་ ལྟ་རྟོག་ཚུ་མ་ཆད་པར་ འབད་དོ་ཡོདཔ་ད་ སྤྱི་ཟླ་༨ པའི་ནང་ ཡིག་ཚང་བཀའ་རྒྱ་བཏོན་མི་དང་འཁྲིལཝ་ད་ ཚོགས་ཆུང་གི་འཐུས་མི་ཚུ་གིས་ ཟླཝ་ཅིག་ནང་ ཐེངས་༣ རེ་ ལྟ་རྟོག་འབད་དགོཔ་སྦེ་ ཡོདཔ་ཨིན་པས།
དེ་མ་ཚད་ ཚོགས་ཆུང་གི་འཐུས་མི་ཚུ་གིས་ ཁྲོམ་སྡེ་ནང་ ཚུལ་མིན་གྱི་ཐོག་ལས་ བཟོ་སྐྲུན་ཚུ་འབད་མ་འབད་ཚུ་ཡང་ བལྟ་དོ་ཡོདཔ་ད་ ཁྲོམ་སྡེའི་ལས་བྱེདཔ་༤ གིས་ ཨ་རྟག་ར་ ཚུལ་མིན་ཐོག་ལས་ ཕྱགས་སྙིགས་བཀོ་མི་དང་ བཟོ་སྐྲུན་འབད་མི་ཚུ་ལུ་ ཉེས་བྱ་བཀལ་ནིའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
ཚོགས་པའི་འཐུས་མི་ཅིག་གིས་ བཤད་མིའི་ནང་ ལས་རིམ་དེ་གིས་ མི་ཚུ་ལུ་ ལེགས་པའི་བསྒྱུར་བ་སྦོམ་བཟོ་ཚུགས་ཡོདཔ་ལས་ ཁྲོམ་ཡང་ ཧིང་སངས་ས་སྦེ་ བཟོ་ཚུགས་ཏེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ཁྲོམ་སྡེ་གིས་ ཁྲོམ་གྱི་བཟོ་བཀོད་ཡང་ རྩ་འགེངས་དོ་ཡོདཔ་ད་ ཁྲོམ་སྡེ་ནང་ཚུད་མི་ ས་ཆ་ཚུ་ནང་ ཚོད་བསྲེ་ལྡུམ་ར་བཟོ་ནི་ཚུ་ཡང་ བཀག་ཆ་འབད་ཡོདཔ་ད་ དེའི་ཚབ་ལུ་ མེ་ཏོག་ལྡུམ་ར་ བཟོ་བཅུག་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *