ཤའི་དོན་ལུ་ བྱ་གསོ་སྐྱོང་འཐབ་མི་ ཉི་མ་འཁའ་འགྲོ།

རྩི་རང་རྫོང་ཁག་གིས་ གཙོ་རིམ་སྐྱིན་འགྲུལ་ལས་སྡེ་༡༨ ཆ་འཇོག་འབད་ཡོདཔ།

༉ འདས་པའི་ཟླཝ་༧ གྱི་ནང་འཁོད་ལུ་ རྩི་རང་རྫོང་ཁག་གིས་ གཙོ་རིམ་སྐྱིན་འགྲུལ་ལས་སྡེའི་ ལས་འགུལ་༡༨ ཆ་འཇོག་འབད་ཡོདཔ་ད་ ལས་འགུལ་མང་ཤོས་ཅིག་གིས་ ཐོན་སྐྱེད་ཚུ་འགོ་བཙུགས་ཏེ་ སྐྱིན་ཚབ་སྤྲོད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
རྫོང་ཁག་ གཙོ་རིམ་སྐྱིན་འགྲུལ་ལས་སྡེའི་ ཚོགས་ཆུང་གི་འཐུས་མི་དྲུང་ཆེན་ རྫོང་ཁག་སོ་ནམ་འགོ་དཔོན་ རྡོ་རྗེ་རྒྱལ་མཚན་གྱིས་ སླབ་མིའི་ནང་ འགོ་ཐོག་གི་ ཟླཝ་ཚུ་དང་ཕྱདཔ་ད་ སྐྱིན་འགྲུལ་གྱི་དོན་ལུ་ ཞུ་ཡིག་བཙུགས་མིའི་གྱངས་ཁ་ ལེ་ཤ་ར་ མར་བབས་སོང་ཡི་ཟེར་ཨིན་པས།
ད་རེས་ནངས་པར་ ཚོགས་ཆུང་གིས་ ཞུ་ཡིག་ཕུད་རྡོག་རེ་གཉིས་ལས་བརྒལ་ ཐོབ་ནི་མེདཔ་ད་ སྤྱི་ཟླ་༣ པ་དང་༤ པའི་ནང་ རྫོང་ཁག་གིས་ ཞུ་ཡིག་ལེན་ནི་ འགོ་བཙུགས་པའི་སྐབས་ ཉིན་བསྟར་བཞིན་དུ་ ཉུང་ཤོས་ར་ ཞུ་ཡིག་༢ རེ་ ཐོབ་དོ་ཡོདཔ་ཨིན་པས།
ཆ་འཇོག་འབད་མི་ ལས་འགུལ་༡༨ ཀྱི་གྲས་ལས་ ཞུ་ཡིག་༡༠ ཞིང་རྨོ་འཕྲུལ་ ཉོ་མི་ཨིནམ་ད་ ཞུ་ཡིག་༣ ཕགཔ་གསོ་སྐྱོང་ཁང་ཆེ་བ་ དེ་ལས་ ཞུ་ཡིག་༢ བྱ་གསོ་སྐྱོང་ཁང་དང་ ནང་ཆས་སྡེ་ཕྲན་དང་ ཞོ་ཐོན་སྐྱེད་སྡེ་ཕྲན་ དེ་ལས་ སོལ་མོའི་ཐལཝ་བཟོ་སྐྲུན་གྱི་ སྡེ་ཕྲན་རེ་ཨིན་པས།
ཞུ་ཡིག་བཙུགས་མི་ཅིག་ དཀྱིལ་འཁོར་ཐང་རྒེད་འོག་ལས་ སྐྱེས་ལོ་༣༩ ལང་མི་ ཉི་མ་མཁའ་འགྲོ་ཤེར་པ་ཨིནམ་ད་ ཁོ་གིས་ གཙོ་རིམ་སྐྱིན་འགྲུལ་ལས་སྡེ་ཐོག་ བསད་བྱ་གསོ་སྐྱོང་ཁང་ གཞི་བཙུགས་འབད་ཡོདཔ་ད་ ཁོ་གིས་ བྱ་བཞག་སའི་ཁྱིམ་༢ རྐྱབ་ནི་དང་ བྱ་ཉོ་ནིའི་དོན་ལུ་ སྐྱིན་འགྲུལ་དངུལ་ཀྲམ་༡༨༣,༠༠༠ ལེན་ཡོདཔ་ཨིན་པས།
ཁོ་གིས་ སྤྱི་ཟླ་༦ པའི་ནང་ འགོ་ཐོག་ལུ་ བྱ་༤༠༠ ཉོ་ཞིནམ་ལས་ ཟླཝ་༢ དེ་ཅིག་ གསོ་སྐྱོང་འབད་བའི་ཤུལ་ལས་ ཤ་གི་དོན་ལུ་ ཆ་མཉམ་ར་ བཙོང་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ སྤྱི་ཟླ་༩ པའི་ནང་ ད་རུང་ བྱ་༣༠༠ ཐེབས་ཉོ་མི་དེ་ ད་ལྟོ་ སྦོམ་འགྱོ་རུང་ བཙོང་མ་ཚུགས་པར་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བྱ་ཚུ་ རྩི་རང་རྐྱངམ་གཅིག་ནང་ བཙོང་མ་ཚུགས་མི་ལུ་བརྟེན་ རྫོང་ཁག་གཞན་ཚུ་ནང་ ཕྱིར་བཙོང་འཐབ་པར་ འབག་འགྱོ་གེ་ཟེར་རུང་ ཁྱེགས་སྒྲོམ་དགོཔ་ལས་ རྫོང་ཁག་ནང་ མི་ཐོབ་པས་ཟེར་ཨིན་པས།
ཁོ་གིས་ ཁྱེགས་སྒྲོམ་ཉོ་ནིའི་དོན་ལུ་ གཙོ་རིམ་སྐྱིན་འགྲུལ་ལས་སྡེ་ཐོག་ལས་ ད་རུང་ སྐྱིན་འགྲུལ་ཐེབས་ལེན་ནིའི་ འཆར་གཞི་ཡོདཔ་ད་ དེ་གིས་ རྫོང་ཁག་གཞན་ཚུ་ནང་ བྱ་ཤ་བཙོང་ཚུགས་པའི་ ཁེ་ཕན་འོང་ནི་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ ཁོ་གི་བྱ་ཚུ་ སྦོམ་འགྱོ་དོ་ཡོད་རུང་ བསད་མ་ཚུགས་མི་དེ་ཡང་ ཁྱེགས་སྒྲོམ་མེད་ནི་དེ་གིས་ སྐྱིན་ཚབ་སྤྲོད་མ་ཚུགས་པའི་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་ བྱ་ཤ་བཙོང་ནི་འགོ་མ་བཙུགས་པའི་ ཟླཝ་༢ ཀྱི་ཧེ་མ་ལས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༣,༨༡༥ རེ་ སྐྱིན་ཚབ་སྤྲོད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
མ་གཞི་ རྫོང་ཁག་གཙོ་རིམ་ལས་སྡེ་སྐྱིན་འགྲུལ་ཚོགས་ཆུང་གིས་ ད་ཚུན་ ཞུ་ཡིག་༡༡༤ ཐོབ་ས་ལས་༡༨ རྐྱངམ་གཅིག་ ཆ་འཇོག་འབད་ཡོདཔ་ད་ ལྷག་ལུས་ཞུ་ཡིག་མང་ཤོས་ར་ ཆ་མེད་བཏང་ཡོདཔ་ཨིན་པས།
ཞུ་ཡིག་ཚུ་གི་གྲས་ལས་ ལ་ལོ་ཅིག་ ཞུ་ཡིག་བཙུགས་མི་ ཁོང་ར་གིས་ ལོག་ལེན་འབག་ཡོད་རུང་ གཞན་མི་ཚུ་ གནད་དོན་ཁག་སོ་སོ་ལུ་བརྟེན་ ཆ་མེད་བཏང་ཡོདཔ་ད་ གཙོ་རིམ་ལས་སྡེ་སྐྱིན་འགྲུལ་ཚོགས་ཆུང་གི་ འཐུས་མི་དྲུང་ཆེན་ རྡོ་རྗེ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཉུང་ཤོས་ར་ ལས་འགུལ་༤༥ དེ་ཅིག་གི་ ཚོང་འབྲེལ་ལས་འཆར་ཚུ་ ཆ་མེད་བཏང་བཏངམ་འོང་ཟེར་ཨིན་པས།
ཆ་མེད་འགྱོ་མི་ལས་འགུལ་ཚུ་གི་གྲས་ལས་ ལས་འགུལ་གོང་འཕེལ་དུས་ཡུན་ལོ་༢ ལས་ལྷག་སྟེ་ འགོར་མི་དང་ སྐྱིན་ཚབ་སྤྲོད་པའི་གནས་ཐོ་ལེགས་ཤོམ་མེད་མི་ དཔེར་ན་ སྒོང་རྡོག་འབུད་མི་ བྱ་གསོ་སྐྱོང་ཁང་བཟུམ་མའི་ ལས་འགུལ་ཅོག་འཐདཔ་ལེ་ཤ་ཡོད་མི་ཚུ་ཨིན་པས།
རྡོ་རྗེ་རྒྱལ་མཚན་དང་འཁྲིལཝ་ད་ ད་ལྟོ་ ཚོགས་ཆུང་གི་ལག་པར་ ཞུ་ཡིག་༡༩ ཡོད་ས་ལས་ ཞུ་ཡིག་༥ ཚོགས་ཆུང་གིས་ ཆ་འཇོག་འབད་ཡོདཔ་ད་ ཞུ་ཡིག་༡༤ ལས་༢ ཞིབ་དཔྱད་སྐབས་ འགོ་བཙུགས་ཀྱི་དོན་ལུ་ གྲ་སྒྲིག་མ་འགྱོ་བའི་ མངོན་གསལ་བྱུང་ཡོདཔ་ད་ ལྷག་ལུས་ཞུ་ཡིག་༡༢ པོ་དེ་ འཕྲལ་མགྱོགས་ར་ ཚོགས་ཆུང་གིས་ གྲོས་བསྟུན་འབད་ནི་ཨིན་པས།
ད་ལྟོ་ ཆ་འཇོག་འབད་མི་ལས་འགུལ་༡༨ ཀྱི་གྲས་ལས་ ཞུ་ཡིག་༡༥ འབྲུག་གི་དངུལ་ཁང་གིས་ སྐྱིན་འགྲུལ་བྱིན་ཡོདཔ་ད་ ཞུ་ཡིག་༣ འབྲུག་རྒྱལ་ཡོངས་དངུལ་ཁང་གིས་ སྐྱིན་འགྲུལ་བྱིན་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *