ཤིང་འཛུགས་སྐྱོང་འབད་ནིའི་དོན་ལུ་ ཚལ་མ་ཚུ་ རྫམ་བཏང་པའི་བསྒང་།

རྩི་རང་གི་ མི་སྡེ་ནགས་ཚལ་ཚུ་ནང་ ཤིང་འཛུགས་སྐྱོང་འབད་དོ་ཡོདཔ།

༉ རྩི་རང་གི་ མི་སྡེ་ནགས་ཚལ་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ མི་སེར་སོ་ནམ་པ་ཚུ་གིས་ ཤིང་འཛུགས་སྐྱོང་འབད་ནི་ལོག་འགོ་བཙུགས་ནུག།
ཁོང་གིས་ ཤིང་འཛུགས་སྐྱོང་འབད་བའི་སྐབས་ མཐའ་འཁོར་གནས་སྟངས་ཉམས་འགྱོ་མི་ ས་ཁོངས་དང་ ཤིང་མེད་པའི་ས་ཁོངས་ཚུ་ནང་ འཛུགས་སྐྱོང་འབདཝ་ཨིན་པས།
སོ་ནམ་པ་ཚུ་གིས་ ཤིང་འཛུགས་སྐྱོང་འཐབ་ནི་ཨིན་མི་ ས་ཁོངས་ནང་ རག་རོ་ཚུ་ བསལ་ཞིནམ་ལས་ ཤིང་གསརཔ་བཙུགས་ནིའི་དོན་ལུ་ གྲ་སྒྲིག་འབད་ནུག།
འདས་པའི་བདུན་ཕྲག་ནང་ བར་གཤོང་རྒེད་འོག་གི་ སྟོད་སང་སྤྱི་འོག་ ནོར་བུ་ཆོས་གླིང་མི་སྡེ་ནགས་ཚལ་གྱི་ འཐུས་མི་༣༧ གྱིས་ ཤིང་མངམ་སྦེ་གཅིག་ཁར་སྐྱེས་མི་ཚུ་ བཏོན་ཡོདཔ་ད་ དེ་ཚེ་ ལྟོ་བཟའ་རན་པའི་བར་ན་ ས་ཆ་ཧེག་ཊར་༢ དེ་ཅིག་ ལཱ་འབད་ཚུགས་ནུག།
མི་སྡེ་ནགས་ཚལ་གྱི་ཁྲི་འཛིན་ ཀར་ན་བྷ་དུར་ ཏ་མང་གིས་ སླབ་དོ་བཟུམ་འབད་བ་ཅིན་ མི་སེར་ཚུ་གིས་ མཁོ་མངགས་དེ་ སྲ་ཤིང་ཨིན་རུང་ ཁོང་གི་མི་སྡེ་ནགས་ཚལ་ནང་ ཤིང་མང་ཤོས་ཅིག་ འཇམ་ཤིང་ཚུ་ ཨིན་མས་ཟེར་ཨིན་པས།
མི་སྡེ་ནགས་ཚལ་ནང་ སྲ་ཤིང་ཡོད་དེ་འབད་རུང་ མཁོ་མངགས་དང་འཁྲིལ་ཏེ་ རབས་ཆད་ནི་ཨིནམ་ལས་ མ་འོངས་པ་ལུ་ མཁོ་མངགས་འགྲུབ་ཚུགས་ནིའི་དོན་ལུ་ ཁོང་གིས་ སྲ་ཤིང་གསརཔ་ཚུ་ འཛུགས་སྐྱོང་འབདཝ་ཨིན་ཟེར་ཨིན་པས།
སོ་ནམ་པ་ཚུ་ལུ་ དགོཔ་དེ་ར་ སྲ་ཆས་ཚུ་ བཟོ་ནིའི་དོན་ལུ་ སྤུས་ཚད་ཅན་གྱི་ ཤིས་ཆས་ཚུ་ དགོཔ་འདུག་ཟེར་ ཁྲི་འཛིན་གྱིས་ བཤདཔ་ཨིན་པས།
རྩི་རང་གི་ རྒེད་འོག་༡༢ ནང་ མི་སྡེ་ནགས་ཚལ་༤༥ ཡོད་མིའི་ནང་ལས་ མི་སྡེ་ནགས་ཚལ་འགོ་དང་པམ་དེ་ར་ གསེར་གྱི་ཐང་རྒེད་འོག་ནང་ཨིནམ་ད་ རྒེད་འོག་དེ་ནང་ མི་སྡེ་ནགས་ཚལ་༦ ཡོད་མི་དེ་ མཐོ་ཤོས་ཨིན་པས།
རྩི་རང་ནགས་ཚལ་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཤིང་མེད་པའི་ས་ཁོངས་ནང་ ཤིང་འཛུགས་སྐྱོང་འབད་ནིའི་དོན་ལུ་ ས་ཆ་ཧེག་ཊར་༢ ངོས་འཛིན་འབད་དེ་ཡོད་ཟེར་ཨིནམ་ད་ ཤིང་གསརཔ་འཛུགས་སྐྱོང་འབད་ནིའི་དོན་ལུ་ རྫོང་ཁག་ནང་ ས་ཆ་ཧེག་ཊར་༤༠ ངོས་འཛིན་འབད་དེ་ཡོད་ཟེར་ཨིན་པས།
ནགས་ཚལ་གཙོ་འཛིན་འོགམ་ མགོནམ་ཚེ་རིང་གིས་འབད་བ་ཅིན་ མི་སྡེ་ནགས་ཚལ་ནང་ ས་ཆ་ལ་ལོ་ ཉམས་འགྱོ་འགྱོཝ་དང་ ལ་ལོ་སྟོངམ་སྦེ་ལུས་མི་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ ཤིང་གི་རིགས་ ལེགས་ཤོམ་མེད་མི་དང་ དགོས་མཁོ་མེད་མི་ཚུ་ བརྡབ་བཏང་ཞིནམ་ལས་ མི་སེར་ཚུ་ལུ་ ཕན་ཐོགས་ཡོད་མི་དང་ དགོས་མཁོ་ཡོད་མི་ཤིང་ཚུ་ འཛུགས་སྐྱོང་འབད་བཅུག་ནི་ཟེར་ཨིན་པས།
མི་སེར་ཚུ་གི་དོན་ལུ་ ཤིང་གི་རིགས་ མ་ཤི་ལི་ཡ་དང་ ཏེར་མ་ནི་ལི་ཡ་གཉིས་ འཛུགས་སྐྱོང་འབད་ནི་ལུ་ གདམ་ཁ་རྐྱབ་མས་ཟེར་ཨིནམ་ད་ དེ་ཡང་ ཤིང་རིགས་གཉིསཔོ་དེ་ མགྱོགས་པར་སྦོམ་འགྱོ་དོ་ཡོདཔ་ལས་ དེ་གིས་ མི་སེར་ལུ་ ཕན་ཐོགས་འབྱུང་ནི་དེ་གིས་ ཨིན་ཟེར་ཨིན་པས།
ས་ཆ་ཧེག་ཊར་༢ ནང་ ཤིང་གི་ལྕངམ་༡,༦༠༠ དེ་ཅིག་ འགྱོ་ནི་མས་ཟེར་ མགོནམ་ཚེ་རིང་གིས་ བཤད་ཡོདཔ་ད་ ཤིང་འཛུགས་སྐྱོང་འབད་ནི་དེ་ཡང་ སྤྱི་ཟླ་༦ པའི་ནང་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *