རྩི་རང་སྟོད་ལུ་ ག་ལྷོད་བཀོག་བཞག་མི་ ཕྱགས་སྙིགས་རག་་རོག་ཚུ།

རྩི་རང་གི་གཡུས་ཚན་ཚུ་ལུ་ ཕྱགས་སྙིགས་འཛིན་སྐྱོང་གི་ གདོང་ལེན་བྱུང་དོ་ཡོདཔ།

༉ གྲོང་གསེབ་ཀྱི་ མི་སྡེ་ཚུ་ནང་ དེང་སང་གི་ གཞི་རྟེན་མཐུན་རྐྱེན་དང་ གོང་འཕེལ་ཚུ་ ཡར་རྒྱས་འགྱོ་དོ་ཡོད་མི་དང་གཅིག་ཁར་ གཡུས་སྒོ་ཚུ་ནང་ ཆུ་ཤོག་དང་འབྲེལ་བའི་ ཕྱགས་སྙིགས་འཛིན་སྐྱོང་གི་ གདོང་ལེན་ཚུ་ བྱུང་དོ་ཡོདཔ་ཨིན་པས།

རྩི་རང་གི་ རྒེད་འོག་མང་ཤོས་ཅིག་ནང་ ཕྱགས་སྙིགས་དེ་ གདོང་ལེན་གྱི་ གནད་དོན་ཅིག་ལུ་ གྱུར་ཏེ་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ ས་གནས་གཞུང་གི་ འཐུས་མི་ཚུ་གིས་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནི་དེ་ ཟླཝ་༡ ནང་ ཚར་༣ དེ་ཅིག་ལུ་ ཡར་སེང་འབད་དགོཔ་སྦེ་ རྫོང་ཁག་བདག་སྐྱོང་ལུ་ ཞུ་བ་འབད་ཡོདཔ་ཨིན་པས།

རྩི་རང་སྟོད་རྒེད་འོག་གི་ ས་གནས་གཞུང་གི་ འཐུས་མི་ཚུ་གིས་ རྫོང་ཁག་ཚོགས་འདུའི་ནང་ ཞུ་དོ་བཟུམ་འབད་བ་ཅིན་ སློབ་གྲྭ་དང་ སྨན་ཁང་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་གོང་འཕེལ་ཚུ་ འགྱོ་དོ་ཡོད་མི་དང་གཅིག་ཁར་ ཕྱགས་སྙིགས་འཛིན་སྐྱོང་དེ་ གདོང་ལེན་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།

རྩི་རང་སྟོད་དམངས་མི་གིས་ སླབ་མིའི་ནང་ འདས་པའི་ལོ་དག་པ་ཅིག་ནང་ རྒེད་འོག་ནང་ མི་རློབས་ཡར་སེང་སོང་ཡོདཔ་བཞིན་དུ་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ སྣུམ་འཁོར་ཊག་ཚུ་གིས་ ཟླཝ་༡ ནང་ ཚར་༣ དེ་ཅིག་ བསྡུ་བསྒྱོམ་འབད་བ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

ད་ལྟོ་ ཊག་དེ་གིས་ བསྐོར་རྒྱབ་ཐོག་ རྒེད་འོག་༡༢ ལས་ ཕྱགས་སྙིགས་ཚུ་ ཟླཝ་༡ ནང་ཚར་རེ་ བསྡུ་བསྒྱོམ་འབད་དོ་ཡོདཔ་ཨིན་པས།

རྩི་རང་སྟོད་རྒཔོ་ ནཱན་ད་ལཱལ་ཁ་རེལ་གྱིས་ སླབ་མིའི་ནང་ སྨན་ཁང་ནང་ལས་ ནད་གཞི་འབུ་ཉེན་ཡོད་པའི་ ཕྱགས་སྙིགས་ཚུ་ འཛིན་སྐྱོང་འཐབ་ནི་ལུ་ གདོང་ལེན་འདུག་ཟེར་ཨིན་པས།

རྒེད་འོག་ནང་ ཉལ་ཁྲི་༡༠ འབད་མི་ སྨན་ཁང་དེ་ དུས་ཅི་གི་ ལོ་འགོ་བཙུགས་ཁམས་ཅིག་གི་ཧེ་མར་ སྒོ་ཕྱེས་ཡོདཔ་བཞིན་དུ་ སྨན་ཁང་དེ་ནང་ ཕུན་བརྟན་ཆུ་དང་ གསེར་གྱི་ཐང་ དེ་ལས་ རྩི་རང་སྟོད་རྒེད་འོག་ཚུ་ལས་ གསོ་བའི་ཞབས་ཏོག་ལེན་པར་ འགྱོ་དོ་ཡོདཔ་ཨིན་པས།

ས་གནས་གཞུང་གི་ འཐུས་མི་ལ་ལོ་ཅིག་གིས་ འཛིན་སྐྱོང་ལེགས་ཤོམ་འཐབ་ཚུགས་ནིའི་དོན་ལུ་ ཕྱགས་སྙིགས་ཚུ་ ཕྱི་སེལ་རྐྱབ་དགོ་པའི་ བསམ་འཆར་བཤད་ཡོདཔ་བཞིན་དུ་ ལ་ལོ་ཅིག་གིས་ རྫོང་ཁག་བདག་སྐྱོང་རྐྱངམ་གཅིག་ལུ་ བཞག་ནི་མེན་པར་ ཕྱགས་སྙིགས་འཛིན་སྐྱོང་གི་ འགན་ཁུར་དེ་ རྒེད་འོག་ཚུ་ལུ་ཡང་ བྱིན་དགོཔ་འདུག་ཟེར་ཨིན་པས།

མནྜལ་སྒང་ཚོགས་པ་ ཚེ་རིང་དང་འཁྲིལཝ་ད་ མནྜལ་སྒང་ལུ་ཡོད་མི་ རྫོང་ཁག་གི་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་དེ་ཡང་ མགྱོགས་པ་ར་ གངམ་མས་ཟེར་ཨིནམ་ད་ དེ་ཁར་ ཕྱགས་སྙིགས་ཚུ་ ག་ལྷོད་སར་ བཀོག་དོ་ཡོདཔ་ལས་ འཛིན་སྐྱོང་ག་ནི་ཡང་ མེདཔ་བཞིན་དུ་ ཚར་༡ གང་བ་ཅིན་ འཛིན་སྐྱོང་འཐབ་ནི་ལུ་ ལཱ་ཁག་རྐྱབ་འོང་ཟེར་ཨིན་པས།

མནྜལ་སྒང་རྒཔོ་གིས་ མི་སྡེ་དང་ རང་བཞིན་གནས་སྟངས་ཚུ་ལུ་ ཕན་གནོད་མར་ཕབ་འབད་ཐབས་ལུ་ ས་ཁོངས་ནང་ལས་ར་ ཕྱགས་སྙིགས་ཚུ་ ཉུང་སུའམ་ མར་ཕབ་འབད་དགོ་པའི་ བསམ་འཆར་བཤད་ཡོདཔ་ཨིན་པས།

རྫོང་ཁག་རང་བཞིན་གནས་སྟངས་འགོ་དཔོན་གོངམ་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ རྒེད་འོག་རེའི་ནང་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་སྣུམ་འཁོར་ཚར་༣ རེ་གཏང་ནི་དེ་ ལཱ་ཁག་འོང་ཟེར་ཨིནམ་བཞིན་དུ་ ཕུད་རྡོག་གཅིག་ལས་མེད་མི་ སྣུམ་འཁོར་ཊག་དེ་ཡང་ མེདཔ་ཐལ་ཏེ་ ཟླཝ་༢ དེ་ཅིག་ ལང་སོ་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ མ་དངུལ་བཏོགས་མི་དང་ མར་ཁུའི་གོང་ཚད་ ཡར་འཕར་སོང་མི་ལུ་བརྟེན་ གདོང་ལེན་བྱུང་ཡོདཔ་བཞིན་དུ་ འཁོར་ལམ་གྱི་ གནས་སྟངས་ལེགས་ཤོམ་མེདཔ་ལས་ ཉམས་བཅོས་ཀྱི་ ཟད་འགྲོ་ཡང་ ལེ་ཤ་གནསཔ་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མ་འོངས་པར་ ཕྱགས་སྙིགས་བསྡུ་བསྒྱོམ་དེ་ སྒེར་གྱི་མི་ངོམ་ཚུ་ལུ་བྱིན་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ འཛིན་སྐྱོང་ཚུལ་མཐུན་གྱི་དོན་ལུ་ ས་གནས་གཞུང་གི་ འཐུས་མི་ཚུ་གིས་ ས་ཁོངས་ནང་ལས་ར་ ཕྱགས་སྙིགས་ཚུ་ མར་ཕབ་འབད་དགོ་པའི་ སེམས་ཤུགས་བསྐྱེད་བཅུག་དགོ་ཟེར་ཨིན་པས།

རྒྱལ་ཁབ་ནང་ འགོ་དང་པ་བཟུམ་ཅིག་ཨིན་མི་ རྫོང་ཁག་བདག་སྐྱོང་གིས་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནིའི་ ལམ་ལུགས་དེ་ སྤྱི་ལོ་༢༠༡༦ ལུ་ འགོ་བཙུགས་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *