རིན་ཆེན་རྡོ་རྗེ་གིས་ འདམ་ཆུ་-ཆུ་ཁའི་ཕྲང་ལམ་བདའ་སྟེ་ གནས་སྐབས་ཅིག་གི་ ཟ་ཁང་རྐྱབ་པའི་བསྒང་།

རྩི་མ་གཤམ་གྱི་ ཟ་ཁང་ཚུ་ ཚོང་མགྲོན་པ་མེད་པའི་ དཀའ་ངལ་བྱུང་དོ་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༡༨ ལུ་ འདམ་ཆུ་-ཆུ་ཁའི་ཕྲང་ལམ་བདའ་སྟེ་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ནི་ འགོ་བཙུགས་པའི་ཤུལ་ལས་ རྩི་མ་གཤམ་ལུ་ཡོད་མི་ ཟ་ཁང་ཚུ་ནང་ ཚོང་མགྲོན་པ་འོང་མི་གངམ་མེདཔ་ལས་ ཚོང་འབྲེལ་སྐམ་འགྱོ་དོ་ཡོདཔ་ཨིན་པས།

ཧེ་མ་འབད་བ་ཅིན་ རྩི་མ་གཤམ་ལུ་ཡོད་མི་ ཟ་ཁང་ཚུ་གི་ ཚོང་མགྲོན་པ་ མང་ཤོས་ར་ ཕུན་ཚོགས་གླིང་དང་ ཐིམ་ཕུག་གི་བར་ན་ གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་མི་ འགྲུལ་སྐྱེལ་བཱསི་དང་ སྣུམ་འཁོར་གཞན་ དེ་ལས་ འགྲུལ་པ་ཚུ་ཨིན་པས།

ད་རེས་ནངས་པར་ ཟ་ཁང་ལ་ལོ་ཅིག་ ཕྱིས་སུ་སྦེ་ སྒོ་ཕྱེ་དོ་ཡོདཔ་མ་ཚད་ ལ་ལོ་ཅིག་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ སྒོ་བསྡམས་དགོཔ་བྱུང་ནུག།

རྩི་མ་གཤམ་ལུ་ འགྲུལ་སྐྱེལ་བཱསི་ཚུ་གི་ འགྲུལ་པ་ཚུ་ལུ་ ཚོང་འབྲེལ་ལེགས་ཤོམ་ འགྱོ་མི་ཅིག་ཨིན་མི་ ཀརྨ་ཟ་ཁང་དེ་ སྒོ་བསྡམས་ཡོདཔ་ད་ ཇོ་བདག་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ད་ལྟོ་ ཁོ་གི་ ཟ་ཁང་ནང་ ལཱ་འབད་མི་ ཆ་མཉམ་ར་ ངལ་གསོ་བཏང་ཡི་ཟེར་ཨིན་པས།

གཅིག་ལས་བལྟ་བ་ཅིན་ ལེགས་ཤོམ་ཅིག་ཡང་ཨིན་མས་ཟེར་ རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ད་རེས་ སྣུམ་འཁོར་གྱི་རིགས་ ཆ་མཉམ་ར་ གཞུང་ལམ་གསརཔ་བདའ་སྟེ་ རྒྱུན་འགྲུལ་འཐབ་དོ་ཡོདཔ་ལས་ རྩི་མ་གཤམ་ལུ་ཡོད་མི་ ཟ་ཁང་ཚུ་རྐྱངམ་གཅིག་མེན་པར་ ཚོང་འབྲེལ་ཁང་ཆ་མཉམ་ལུ་ ཐོ་ཕོག་ནི་ཨིན་མི་དེ་ཡང་ ཟ་ཁང་ཚུ་གིས་ ཚོང་ཁང་ཚུ་ལས་ བཟའ་ཆས་ཚུ་ མི་ཉོ་ནི་ཨིནམ་ལས་ ཁོང་ལུ་ཡང་ ཐོ་ཕོག་འོང་ཟེར་ཨིན་པས།

དེ་འབདཝ་ད་ ཟ་ཁང་གི་ ཇོ་བདག་ཚུ་གིས་ གཞུང་ལམ་གསརཔ་བདའ་སྟེ་ འགྲུལ་སྐྱེལ་བཱསི་ཚུ་གི་ ལམ་འགྲུལཔ་ཚུ་ལུ་ བཟའ་འཐུང་གི་རིགས་ བཙོང་ནིའི་དོན་ལས་ སྦ་སྒོར་དང་ སྒྲིང་ཁྱིམ་ཚུ་རྐྱབ་ནི་ འགོ་བཙུགས་ནུག།

རྩི་མ་གཤམ་ལུ་ཡོད་མི་ ཤེལ་སྒྲུབ་ཟ་ཁང་གི་ ཇོ་བདག་རིན་ཆེན་རྡོ་རྗེ་གིས་ འདམ་ཆུ་དང་ ཆུ་ཁའི་ཕྲང་ལམ་ཁར་ སྒེར་ས་ཅིག་ གླ་ཁར་ལེན་ཐོག་ལས་ ཤིང་ཁྱིམ་ཅིག་རྐྱབ་ནི་ འགོ་བཙུགས་ཡོད་མི་དེ་ཡང་ རྩི་སའི་སྒྲིང་ཁྱིམ་རྐྱབ་པ་ཅིན་ དུས་ཡུན་ལོ་༢ དེ་ཅིག་ འགོར་ནི་ཨིནམ་ལས་ ད་ལྟོ་ གནས་སྐབས་ཅིག་གི་དོན་ལུ་ རྐྱབ་དོ་ཟེར་ བཤདཔ་ཨིན་པས།

མ་གཞི་ རིན་ཆེན་རྡོ་རྗེ་ལུ་ གཞུང་ལམ་ཁར་ ཁྱིམ་རྐྱབ་ནི་གི་ ས་ཆ་ཡོད་རུང་ ས་རུད་ཆད་ནི་གི་ ཉེན་ཁ་ཡོདཔ་ལས་ ཤུལ་ལས་ ག་དེ་སྦེ་འོང་ག་ བལྟ་དགོ་པས་ཟེར་ ཁོ་གིས་ བཤདཔ་ཨིན་པས།

རྩི་མ་གཤམ་ལུ་ ཁོ་གི་ཟ་ཁང་ནང་ འགྲུལ་སྐྱེལ་བཱསི་༥ བསྒུག་ནི་ཡོད་རུང་ ད་རེས་འབད་བའི་བསྒང་ལས་ ཚོང་འབྲེལ་ག་ནི་ཡང་ འགྱོ་མི་བཏུབ་པས་ཟེར་ ཁོ་གིས་ བཤདཔ་ཨིན་པས།

ཨིན་རུང་ ཕྲང་ལམ་དེ་ ཐིམ་ཕུག་དང་ ཕུན་ཚོགས་གླིང་གི་བར་ན་ སྲོག་ལམ་བཟུམ་ཅིག་ཨིནམ་ལས་ དེ་གིས་ སྤྱིར་བཏང་འབྲུག་མི་ཡོངས་ལུ་ ཕན་ཁྱད་འབྱུང་འོང་ཟེར་ ཁོ་གིས་ བཤདཔ་ཨིན་པས།

སུ་བྷ་ཟ་ཁང་གི་ ཇོ་བདག་གིས་ སླབ་མིའི་ནང་ མོ་གིས་ཡང་ གཞུང་ལམ་གསརཔ་བདའ་སྟེ་ ཟ་ཁང་རྐྱབ་ནི་གི་དོན་ལུ་ ས་བརྐོ་ནི་ལ་སོགས་པའི་ ལཱ་ཚུ་བཙུགས་ཏེ་ཡོད་རུང་ མོ་རའི་སྒྲིང་ཁྱིམ་མ་བསྒྲུབ་ཚུན་ འཚོ་སྐྱོང་ལུ་ ལཱ་ཁག་གཏང་ནི་བཟུམ་ཅིག་འདུག་ཟེར་ཨིནམ་ད་ མོ་གི་ཟ་ཁང་དེ་ སྤོ་བཤུད་འབད་དགོ་པ་ཅིན་ གཞུང་ལམ་བདའ་སྟེ་ ཁང་གླ་སྤྲོད་དགོ་པས་ཟེར་ཨིན་པས།

གཞུང་ལམ་བདའ་སྟེ་ ཁང་གླ་ལེན་པ་ཅིན་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༣༣,༠༠༠ སྤྲོད་དགོཔ་བཞིན་དུ་ རྩི་མ་གཤམ་ལུ་ ཁང་གླ་དངུལ་ཀྲམ་༡༠,༠༠༠ ལས་ སྤྲོད་མི་དགོ་ཟེར་ མོ་གིས་ བཤདཔ་ཨིན་པས།

ད་རུང་ ཟ་ཁང་གི་ཇོ་བདག་ དཀོན་མཆོག་རྡོ་རྗེ་གིས་ ཟ་ཁང་རྐྱབ་ནིའི་དོན་ལུ་ གཞུང་ལམ་གསརཔ་བདའ་སྟེ་ ས་ཆ་ཅིག་ ཉོ་ཡོདཔ་ད་ དུས་ཚོད་འགོར་ནི་ཨིན་རུང་ འཕྲལ་མགྱོགས་ར་ གནས་སྐབས་ཀྱི་ ཁྱིམ་ཅིག་རྐྱབ་འོང་ཟེར་ བཤདཔ་ཨིན་པས།

ཟ་ཁང་ཚུ་ རྩི་མ་གཤམ་ལས་ འདམ་ཆུ་-ཆུའི་ཕྲང་ལམ་ཁར་ སྤོ་བཤུད་འབད་ནི་ཨིནམ་ལས་ ཁྱིམ་དེ་ཚུ་ ཁང་གླར་སྡོད་མི་མེད་པར་ སྟོངམ་ལུས་ནི་གི་ འོས་འབབ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *