༉ ཀྲོང་གསར་སྦྱིས་ཟམ་ལས་ རྩི་ནག་རྒྱ་རྫི་༡༠༨ ཨར་རྐུན་ཤོར་ཡོདཔ་ལས་ བྱ་ངན་ནང་ གྲལ་གཏོགས་ཡོད་མི་ཚུ་ འཛིན་བཟུང་འབད་ཚུགས་ནིའི་དོན་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བ་ཅིན་ གསོལ་རས་དངུལ་ཀྲམ་༡༠༠,༠༠༠ བྱིན་ནི་ཨིན་ཟེར་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
བྱ་ངན་དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༤ གི་ཕྱི་རུ་ བྱུང་ཡོདཔ་ད་ དེ་ཡང་ ཀྲོང་གསར་ལས་ དབང་འདུས་ཁ་ཐུག་ ཀི་ལོ་མི་ཊར་༢ དེ་ཅིག་གི་ ས་གནས་ནང་ ལམ་རྒྱ་སྐྱེད་ཀྱི་ལཱ་འབད་མི་ འབྲུག་ལྷ་ཡུལ་བཟོ་སྐྲུན་གྱི་ ལས་འགུལ་འཛིན་སྐྱོང་པ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་དང་འཁྲིལཝ་ད་ རྒྱ་རྫི་ཚུ་ ལམ་གྱི་ཟུར་ཁར་བཞག་ནུག་ཟེར་ཨིནམ་ད་ བྱ་ངན་བྱུང་པའི་སྐབས་ རྩི་ནག་རྒྱ་རྫི་ཚུ་ ལྟ་རྟོག་འབད་མི་ ག་ཡང་མིན་འདུག་ཟེར་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་ ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ ཁོ་གིས་ སྤྱི་ཟླ་༩ པའི་ཚེས་༣ ལུ་ ལས་སྡེ་གི་ ཡོངས་ཁྱབ་འཛིན་སྐྱོང་པ་གིས་ རྩི་ནག་རྒྱ་རྫི་བཀྲམ་སྤེལ་འབད་མི་ཚུ་ལས་ རྒྱ་རྫི་ཚུ་ རྩིས་ལེན་ཟེར་ སླབ་པའི་ཤུལ་ལུ་ རྩིས་ལེན་ཡི་ཟེར་ཨིནམ་ད་ དེ་བསྒང་ རྩི་ནག་རྒྱ་རྫི་ཚུ་ ཀྲོང་གསར་གཞུང་ལམ་གྱི་དོན་ལུ་མེན་པར་ ཡོངས་ཀྱབ་འཛིན་སྐྱོང་པ་གིས་ ས་ཁོངས་འོག་ལུ་ཨིན་མི་ ནཔ་སྦྱིས་སྐོར་ཕུག་གི་ རྒེད་འོག་ལྟེ་བའི་ལམ་ རྩི་ནག་གཏང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཡོངས་ཁྱབ་འཛིན་སྐྱོང་པ་ལུ་ རྩི་ནག་རྒྱ་རྫི་ཚུ་ལེན་པར་ཤོག་ཟེར་ སླབ་ཅི་ཟེར་ཨིནམ་ད་ ད་ལྟོ་ རྩི་ནག་རྒྱ་རྫི་ཚུ་ག་ར་ བྱང་གཏོར་ཤོར་ཡོདཔ་བཞིན་དུ་ རྩི་ནག་རྒྱ་རྫི་ཚུ་ ཀྲོང་གསར་བིའུ་པོ་ཡེནཊ་གི་འོག་ལུ་ སེངྒེ་བྱག་ལུ་ བཞག་ཅི་ཟེར་ཨིན་པས།
ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ ཁོང་གིས་ དོང་སྤེད་འཕྲུལ་ཆས་དེ་ མེདཔ་ཤོར་མི་ལུ་བརྟེན་ སྤྱི་ཟླ་༡༠ པའི་ཚེས་༤ ལུ་ ལཱ་འབད་མ་ཚུགས་ཟེར་ཨིནམ་ད་ ཁོ་དང་ ལས་མི་དག་པ་ཅིག་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༦ ཚུན་ཚོད་ ས་ཁོངས་ནང་སྡོད་ཅི་ཟེར་ཨིནམ་ད་ ཁོང་ཆ་ཁྱབ་ ས་ཨེབ་ནིའི་འཕྲུལ་ཆས་དེ་ བཅོ་ཁ་རྐྱབ་སྟེ་སྡོད་ཡོདཔ་བཞིན་དུ་ ས་རྐོ་འཕྲུལ་ཆས་དེ་ ལམ་གྱིས་ས་བཅད་པར་ བཏང་ཡི་ཟེར་ཨིན་པས།
དེ་ཚེ་ཕྱི་རུ་ ཀུན་བཟང་དབང་འདུས་ཀྱིས་ ས་ཨེབ་ནིའི་འཕྲུལ་ཆས་ཀྱིས་ དུང་ཅུང་བརྙ་ཡོད་པའི་ བཟོ་སྐྲུན་ལས་སྡེ་དེ་གིས་ དུང་ཅུང་ལོག་འབག་ཤོག་ཟེར་སླབ་ལས་ ལོག་བསྐྱལ་བར་འགྱོ་བའི་སྐབས་ རྩི་ནག་རྒྱ་རྫི་ཚུ་ ས་ཁོངས་ནང་ཡོད་ཟེར་ཨིན་པས།
ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ དེ་གི་ནངས་པ་དྲོ་པ་ ཁོ་དང་ལས་མི་༢ ས་ཁོངས་ནང་འགྱོ་བའི་སྐབས་ རྩི་ནག་རྒྱ་རྫི་ཚུ་ མིན་འདུག་ཟེར་ཨིནམ་ད་ ཁོ་གིས་ ཆ་རོགས་ཚུ་ལུ་ སྦོ་ལོགས་ཁར་མ་འགྱོ་ཟེར་ སླབ་ཞིནམ་ལས་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཨམ་སྲུ་ཅིག་ རྩི་ནག་རྒྱ་རྫི་བཞག་སའི་ ས་ཁོངས་ལས་ མི་ཊར་༥༠༠ དེ་ཅིག་གི་ས་ཁར་ སྡོད་དོ་ཡོདཔ་ལས་ མོ་ལུ་ བྱ་ངན་དེའི་སྐོར་ལས་ དྲི་བའི་སྐབས་ མོ་གིས་ ག་ནི་ཡང་ མ་མཐོངམ་མ་ཚད་ ལོ་རྒྱུས་ཚུ་ཡང་མ་གོ་ཟེར་ སླབ་དེས་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ མི་མང་ལུ་ གནད་དོན་དེའི་སྐོར་ལས་ བརྡ་དོན་ཚུ་ འགྲུལ་འཕྲིན་ཨང་༡༧༩༣༡༨༩༨ དང་༧༧༣༥༢༠༡༥ ཡང་ན་ ཉེ་འདབས་ཀྱི་ ཁྲིམས་སྲུང་འགག་སྡེའི་ཡིག་ཚང་ནང་ སྙན་ཞུ་འབད་གནང་ཟེར་ ཞུ་བ་འབད་ཡོདཔ་ཨིན་པའི་གནས་ཚུལ།
ཉིམ་རྡོ་རྗེ།