རྩང་རྩི་རི་གཡུས་ཚན་གྱི་ ན་གཞོན་ཚུ་གིས་ ཆ་རོགས་ཅིག་གི་ཁྱིམ་གུ་ ཐོག་ཆ་བཀབ་པའི་བསྒང་།

རྩང་རྩི་རི་གཡུས་ཚན་གྱི་ ན་གཞོན་ཚུ་གིས་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་ འགོ་བཙུགས་པའི་ རེ་བ་བསྐྱེད་དོ་ཡོདཔ།

༉ གཞལམ་སྒང་ པཱན་སྦང་དང་ ངང་ལམ་བར་ནའི་ གཞུང་ལམ་གྱི་ལྟག་ལུ་ཡོད་མི་ རྩང་རྩི་རི་གཡུས་ཚན་ཆུང་ཀུ་ཅིག་ནང་ དྲོ་པ་ཆུ་ཚོད་༦ དེ་ཅིག་ལས་ ཤེས་ཡོན་འཕྲོ་མཐུད་སྦྱང་མ་ཚུགས་པར་ལུས་མི་ ན་གཞོན་སྡེ་ཚན་ཅིག་གིས་ ཉིན་མར་ ལཱ་ག་ཅི་འབད་ནི་ཨིན་ནའི་སྐོར་ལས་ བསྟུན་གྲོས་འབད་ནིའི་དོན་ལུ་ འཛོམས་སར་མཐོངམ་ཨིན་པས།

ཁོང་གི་ལཱ་དེ་ ན་གཞོན་གཞན་ཚུ་བཟུམ་སྦེ་ ཏི་རུ་འཐོབ་ནིའི་དོན་ལུ་མེན་པར་ ཁོང་རའི་ ཆ་རོགས་ཅིག་གི་ཞིང་ནང་ གནས་སྐབས་ཀྱི་ཁྱིམ་རྐྱབ་པའི་བསྒང་ཡོད་མི་དེ་ལུ་ ཁྱིམ་ཐོག་བཀབ་ནིའི་དོན་ལུ་ ཆ་རོགས་འབད་བར་འགྱོ་ནི་ཨིནམ་ད་ གླ་ཆ་ཚུ་ ག་ནི་ཡང་ འཐོབ་ནི་མེདཔ་ཨིན་པས།

ན་གཞོན་ཚུ་གིས་ ལཱ་སར་མ་འགྱོ་བའི་ཧེ་མར་ ས་ཁོངས་ནང་ འགྲུལ་འཕྲིན་མོ་བཱ་ཡེལ་གྱི་ རྒྱུན་ལམ་བདའ་ཟུན་སའི་ས་ཁོངས་ ཨི་ཀོ་ལོཇ་ཟེར་མི་དེ་རྐྱངམ་གཅིག་ཨིནམ་ལས་ ཁོང་ག་ར་ དུས་ཚོད་ཐོབ་ད་ ས་ཁོངས་དེ་ནང་ འགྲུལ་འཕྲིན་གཏང་ནིའི་དོན་ལུ་ སྤུངས་འཛོམས་འབདཝ་ཨིན་པས།

ན་གཞོན་ཚུ་ཡང་ སློབ་རིམ་༡༢ པ་དང་༡༠ པ་མཇུག་བསྡུ་སྟེ་ ལཱ་གཡོག་མ་ཐོབ་པར་ གཡུས་ཁར་སྡོད་མི་ཚུ་ཨིནམ་ད་ ཁོང་གི་གྲས་ཁར་ ལག་ཤེས་སྦྱོང་བརྡར་མཇུག་བསྡུ་མི་ཡང་ དག་པ་ཅིག་ཡོདཔ་ཨིན་པས།

ན་གཞོན་དེ་ཚུ་ དཔེ་ཆ་དུམ་གྲ་རེ་ལྷབ་སྟེ་ ཁྲོམ་སྡེ་ཚུ་ནང་ལས་ཕར་ ལཱ་གཡོག་འཚོལ་བར་འགྱོ་མི་ ན་གཞོན་གཞན་ཚུ་བཟུམ་སྦེ་མེན་པར་ ཁོང་ར་ གཡུས་ཁར་སྡོད་ནིའི་ མནོ་བསམ་ཡོད་མི་དེ་ཡང་ གཞུང་གསརཔ་གིས་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་ འགོ་བཙུགས་པའི་སྐབས་ ལཱ་གཡོག་གི་གོ་སྐབས་ འཐོབ་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་པས།

ཡུན་འགྱངས་ལུས་མི་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་དེ་ ད་ལྟོ་ཡང་ ས་གནས་དེ་ནང་ ལོ་རྒྱུས་ཙམ་ཅིག་མ་གཏོགས་ ངོ་མ་འབདཝ་ད་ གཙང་ཆུའི་གུ་ལས་ ཟམ་ཅིག་མ་གཏོགས་ ལཱ་གཞན་ག་ནི་ཡང་མེདཔ་ད་ ཟམ་དེ་ཡང་ འདས་པའི་གཞུང་གི་གནས་ཡུན་མཇུག་བསྡུ་རནམ་ད་རྐྱངམ་གཅིག་ བསྒྲུབས་ཚུགས་ཡོདཔ་ཨིན་པས།

ཨིན་རུང་ ན་གཞོན་ཚུ་གིས་ འཕྲལ་མགྱོགས་ར་ བཙག་འཐུ་འབད་བའི་ཤུལ་ལས་ གཞུང་གསརཔ་དབུ་བརྙས་ནི་ཨིན་མི་ ཚོགས་པ་དེ་གིས་ ཁོང་ལུ་ ཕན་ཐོགས་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།

ད་ལྟོ་ གཡུས་ཁར་འོང་སྡོད་མི་ཅིག་ སངས་རྒྱས་རྡོ་རྗེ་ཨིནམ་ད་ ཁོ་གིས་ འགོ་བཙུགས་མ་ཚུགས་པར་ལུས་མི་ ལས་འགུལ་དེ་ལུ་ གཞུང་གསརཔ་འོང་མི་དེ་གིས་ ཐབས་ཤེས་ཅིག་བཏོན་ཏེ་ འགོ་བཙུགས་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ད་ ཁོ་གིས་སླབ་མིའི་ནང་ ལས་འགུལ་དེ་ འགོ་བཙུགས་པ་ཅིན་ ལཱ་གཡོག་ཅིག་ འཐོབ་ཚུགས་ནི་མས་ཟེར་ཨིན་པས།

པདྨ་རབ་རྒྱས་ཡང་ དཔེ་ཆ་འཕྲོ་མཐུད་དེ་ ལྷབ་མ་ཚུགས་པར་ གཡུས་ཁར་འོང་སྡོད་མི་ཅིག་ཨིནམ་ད་ ཁོ་གིས་ཡང་ ལས་འགུལ་དེ་ འགོ་བཙུགས་པ་ཅིན་ ལཱ་གཡོག་ཅིག་འཐོབ་ནིའི་ རེ་བ་ཡོད་ཟེར་ཨིན་པས།

ཁོང་ན་གཞོན་ཚུ་བཟུམ་སྦེ་ པཱན་ཏང་ལུ་སྡོད་མི་ ཚོང་པ་ཚུ་ཡང་ གཞུང་གསརཔ་གིས་ ལས་འགུལ་དེ་ འགོ་བཙུགས་པའི་ རེ་བ་བསྐྱེད་མི་དེ་ཡང་ ད་རེས་ ཚོང་པ་ཚུ་གི་ཚོང་མགྲོན་པ་ ངོ་མ་ར་ གཞུང་ལམ་དེ་ཁར་ལས་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་ཊཱག་གཏང་མི་དང་ གཞན་འགྲོ་འགྲུལ་འབད་མི་ རེ་གཉིས་ལུ་བརྟེན་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།

གཞུང་ལམ་ཁར་ ཚོང་ཆས་སྣ་ཚོགས་དང་ ཆང་ཁང་བཙུགས་སྡོད་མི་ ཚེ་རིང་ལྷ་མོ་གིས་ སླབ་མིའི་ནང་ མོ་གི་ཚོང་ངོ་མ་ར་ སྣུམ་འཁོར་ཊཱག་བཏང་མི་ དེད་གཡོགཔ་ཚུ་ལུ་བརྟེན་ཏེ་ཨིནམ་ལས་ ལས་འགུལ་དེ་ འཕྲལ་མགྱོགས་ར་ འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པས།

ལས་འགུལ་དེ་ འགོ་བཙུགས་པ་ཅིན་ ང་བཅས་ཚོང་པ་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་ནི་མས་ཟེར་ཨིནམ་ད་ མོ་གིས་ ད་རེས་ ཚོང་ཁང་ཆུང་ཀུ་ཅིག་གི་ སྒོ་ཅུང་ཚུ་ནང་ལས་ བཟའ་འཐུང་གི་རིགས་ཚུ་ བཙོང་སྡོདཔ་ཨིན་པས།

ས་ཁོངས་དེ་ནང་སྡོད་མི་ གཚོང་པ་ཞན་ཅིག་གིས་ སླབ་མིའི་ནང་ ཁོང་གིས་ ད་ལྟོ་ཚུན་ ཚོང་འབྲེལ་གྱི་ལཱ་འབད་དོ་ཡོད་རུང་ མིང་གཏམ་བཟུམ་ཅིག་གི་ ཚོང་རྐྱབ་སྡོད་ཡོདཔ་ལས་ ལས་འགུལ་དེ་འོང་པ་ཅིན་ ཚོང་པ་ཚུ་གིས་མ་ཚད་པར་ ས་གནས་སྡོད་མི་ག་ར་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

འབྲུག་ཕུན་སུམ་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པ་ གཉིས་ཆ་ར་གིས་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་གྱི་སྐོར་ལས་ ཁས་བླངས་གསལ་བསྒྲགས་ནང་ ཚུད་ཡོདཔ་ཨིན་པས།

འབྲུག་མཉམ་རུབ་ཚོགས་པ་གིས་འབད་བ་ཅིན་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ བཟོ་ནིའི་ འཆར་གཞི་ཡོད་མིའི་གྲས་ཁར་ ཚུད་དེ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ཡང་ ཁས་བླངས་འབད་ཡོདཔ་ཨིན་པས།

འབྲུག་ཕུན་སུམ་ཚོགས་པ་གིས་འབད་བ་ཅིན་ ཁོ་ལོང་ཆུའི་ཤུལ་ལས་ གཙོ་རིམ་གཉིས་པ་དེ་ ལྕམ་མཁར་ཆུ་ཚུད་དེ་ཡོདཔ་ཨིན་པས།

ཁས་བླངས་ཚུ་ ག་དེ་སྦེ་ཡོད་རུང་ ས་གནས་ནང་སྡོད་མི་ཚུ་ ཚོགས་པ་ཚུ་གིས་ ཁས་བླངས་ག་བཟུམ་འབད་རུང་ སྣང་དག་ཅིག་མི་བསྐྱེད་དོ་ཡོདཔ་ཨིན་པས།

བུ་ད་གཞི་ལས་ཨིན་མི་ སོ་ནམ་པ་ཅིག་གིས་སླབ་མིའི་ནང་ སྲིད་དོན་ཚོགས་པ་ཚུ་གིས་ བཙག་འཐུ་རན་པའི་སྐབས་ ཁས་བླངས་ག་བཟུམ་ཡང་ འབད་མི་ཐོན་ནི་འདུག་ཟེར་ཨིནམ་ད་ ལྕམ་མཁར་ཆུའི་ཁས་བླངས་དེ་ སྤྱི་ལོ་༢༠༡༣ ལུ་ཡང་ འབད་ཡོདཔ་ལས་ དུས་ཅི་ཡང་ ལོག་སྟེ་ར་ཐོནམ་མས་ཟེར་ཨིན་པས།

ཨིན་རུང་ ན་གཞོན་སྡེ་ཚན་དེ་གིས་ འཕྲལ་མགྱོགས་ར་ ཚོགས་རྒྱན་བཙུགས་ནི་ཨིན་རུང་ ག་ལུ་བཙུགས་ནི་ཨིན་ནའི་སྐོར་ལས་ ལོ་རྒྱུས་སླབ་མི་བཏུབ་དོ་ཡོདཔ་ཨིན་པས།

ཁོང་གིས་བཤད་མིའི་ནང་ ཚོགས་རྒྱན་དེ་ ཚོགས་རྒྱན་གྱི་ཉིནམ་ལུ་ ཚོགས་པ་ཅིག་ལུ་ བཙུགས་ནི་ཨིནམ་ལས་ ཚོགས་པ་དེ་གིས་ གཞུང་སྐྱོང་ནིའི་གོ་སྐབས་ འཐོབ་ཚུགས་པའི་རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

པཱན་ཏང་ལས་ བཀྲིས་བསྟན་འཛིན།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *