༉ མོང་སྒར་རྩ་མང་རྒེད་འོག་ སྟོང་ཤིང་གཡུས་ཚན་ནང་ ས་ཆ་ཨེ་ཀར་ལས་བཅད་དེ་ ཨ་ལཱན་ཅི་འཛུགས་སྐྱོང་འབད་མི་དེ་ཡང་ འོང་འབབ་ལེགས་ཤོམ་སྦེ་ ཚུགས་ནི་དེ་གིས་ཨིན་པས།
ད་རེས་ནངས་པར་ སྟོང་ཤིང་གཡུས་ཚན་གྱི་ ཁྱིམ་གྱི་མཐའ་འཁོར་ཚུ་ སྔོ་ལྗང་དང་ལྡནམ་སྦེ་ མཐོང་ཚུགསཔ་ཨིན་པས།
སྐྱེས་ལོ་༣༢ ལང་མི་ ཡེ་ཤེས་སྒྲོལ་མ་གིས་ ཉིནམ་གཅིག་ཡང་ ངལ་གསོ་མ་སྡོད་པར་ སེམས་ཤུགས་ཐེབས་བསྐྱེད་དེ་ ཨ་ལཱན་ཅི་ལྡུམ་ར་ནང་ དྲོ་པ་ཧ་སག་ལས་ ཕྱི་རུ་གནམ་མ་བསྲོ་ཚུན་ ལཱ་འབད་མི་དེ་ཡང་ འོང་འབབ་ལེགས་ཤོམ་བཟོ་ཚུགས་ནི་དེ་གིས་ཨིན་པས།
ཨ་ལོ་༢ ཀྱི་ཨའི་ ཡེ་ཤེས་སྒྲོལ་མ་གིས་ སླབ་མིའི་ནང་ འདས་པའི་ལོ་༤ གི་ཧེ་མར་ མོ་བཏབ་དང་འདྲཝ་སྦེ་ ཨ་ལཱན་ཅི་གི་ལྕངམ་ ས་ཆ་ཨེ་ཀར་༡ དེ་ཅིག་ནང་ འཛུགས་སྐྱོང་འབད་བའི་ཤུལ་ལས་ སྤྱི་ལོ་༢༠༡༦ རྫོགས་ཁམས་ལུ་ ཐོན་སྐྱེད་འབད་མི་ཚུ་ བསམ་རྩེ་དང་ དགེ་ལེགས་ཕུག་ལུ་འབག་སྟེ་ བཙོང་པའི་སྐབས་ འོང་འབབ་དངུལ་ཀྲམ་༥༠,༠༠༠ ལྷགཔ་ཅིག་ བཟོ་ཚུགས་ཅི་ཟེར་ཨིན་པས།
དེ་ལས་ ས་ཞིང་ཨེ་ཀར་༡ རྒྱ་སྐྱེད་འབད་དེ་ ཨ་ལཱན་ཅིའི་ལྕངམ་ཚུ་ འཛུགས་སྐྱོང་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༧ ལུ་ འོང་འབབ་དངུལ་ཀྲམ་༡༠༠,༠༠༠ བཟོ་ཚུགས་མི་དེ་ ད་ལྟོ་ཚུན་ཚོད་ འོང་འབབ་སྦོམ་ཤོས་ཅིག་ཨིན་ཟེར་ ཨིན་པས།
རྩ་མང་དམངས་མི་ བདེ་སྐྱིད་དཔལ་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ དཔེ་སྟོན་དང་འདྲཝ་སྦེ་ ཡེ་ཤེས་ སྒྲོལ་མ་དང་ ཆ་རོགས་ཚུ་གིས་ ཨ་ལཱན་ཅི་འཛུགས་སྐྱོང་འབད་བའི་ཤུལ་ལས་ འཚོ་སྐྱོང་ཡར་དྲག་བཏང་ཚུགས་མི་ལུ་བརྟེན་ གཡུས་མི་གཞན་ཚུ་ལུ་ཡང་ ཨ་ལཱན་ཅི་འཛུགས་སྐྱོང་འབད་བཅུག་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་སྟེ་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ སྒང་ལ་སྤོང་ཁ་སྨད་ཀྱི་ཚོགས་པ་ འཇིགས་མེད་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྟོང་ཤིང་ གཡུས་ཚན་གྱི་ མི་སེར་ཚུ་གིས་ ཨ་ལཱན་ཅི་ལུ་བརྟེན་ འཚོ་བའི་གནས་སྟངས་ཡར་དྲག་སོང་ཡོདཔ་ལས་ སྒང་ལ་སྤོང་གི་ མི་སེར་ཚུ་གིས་ཡང་ སྤྲོ་བ་བསྐྱེད་དེ་ ས་ཞིང་ཨེ་ཀར་༣ ལྷགཔ་ཅིག་ནང་ འཛུགས་སྐྱོང་འབད་དེ་ ལོ་༢ ལང་ཡི་ཟེར་ཨིན་པས།
རྒེད་འོག་སོ་ནམ་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ རྫོང་ཁག་གིས་ ཨ་ལཱན་ཅི་གི་ལྕངམ་ཚུ་ དགེ་ལེགས་ཕུག་དང་ བསམ་རྩེ་རྫོང་ཁག་ལས་ མཁོ་སྒྲུབ་འབད་དེ་ བཀྲམ་སྤེལ་འབད་ཡི་ཟེར་ཨིན་པས།
ད་རེས་ རྩ་མང་རྒེད་འོག་ནང་ ས་ཞིང་ཨེ་ཀར་༡༠ ལྷགཔ་ཅིག་ནང་ མི་སེར་ཚུ་གིས་ ཨ་ལཱན་ཅི་འཛུགས་སྐྱོང་ འབད་ཡོདཔ་ཨིན་པས།
རྩ་མང་རྒེད་འོག་དེ་ མོང་སྒར་ལས་ ཀི་ལོ་མི་ཊར་༧༠ དེ་ཅིག་གི་ས་ཁོངས་ནང་ ཆགས་ཡོད་པའི་གནས་ཚུལ།
རྩ་མང་ལས་ བཀྲིས་ཕུན་ཚོགས།