༉ གཞུང་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ སྙན་ཞུ་སྦེ་ བཙུགས་པའི་ཤུལ་ལས་ རྒྱལ་ཡོངས་ཚོགས་འདུ་གིས་ ཏི་རུའི་དཔྱད་ཡིག་སྦེ་ དང་ལེན་མཛད་ཐོག་ལས་ འདས་པའི་བདུན་ཕྲག་ནང་ ཆ་འཇོག་གྲུབ་ཞིནམ་ལས་ཚུར་ རྩོད་རྙོགས་ཅན་གྱི་ གཞི་གནད་ཅིག་ལུ་གྱུར་ཡོད།
མ་གཞི་ རྒྱལ་ཡོངས་ཚོགས་འདུ་གིས་ དངུལ་འབྲེལ་མཐུན་རྐྱེན་དེ་ ཏི་རུའི་དཔྱད་ཡིག་སྦེ་ ཆ་འཇོག་གྲུབ་མི་ལུ་ སྟབས་མ་བདེཝ་མེད་རུང་ ལྡོག་ཕྱོགས་ཚོགས་པ་དང་ རྒྱལ་ཡོངས་ཚེོགས་སྡེ་ ཐ་ན་ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་གི་མཛད་བྱ་ལུ་ སྐྱོན་བརྗོད་དང་ རྒྱབ་འགལ་འབད་མི་དེ་ཡང་ དངུལ་འབྲེལ་མཐུན་རྐྱེན་དེ་ སྤྱི་ཚོགས་ནང་ མ་བཙུགས་པར་ གཞུང་གི་དབང་ཚད་ བསྟར་སྤྱོད་ཐོག་ ཚོང་འབྲེལ་ལས་ཁང་ཚུ་ལུ་ སྤྱི་ལོ་༢༠༡༦ ཟླ་༡ པ་ལས་ར་ ཁྲལ་ཡངས་ཆག་ གནང་མི་དེ་ ཁྲིམས་ཀྱི་མ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་སོ་ནི་དེ་གིས་ཨིན་མས།
འབྲུག་གི་བསྐྱར་ཞིབ་ཚོགས་ཁང་ རྒྱལ་ཡོངས་ཚོགས་སྡེ་གིས་ དངུལ་འབྲེལ་མཐུན་རྐྱེན་ལུ་ དགག་ཆ་ཐོག་ ངོས་ལེན་མཛད་མ་བཏུབ་མི་ལུ་ མངོན་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཀྱི་བཀའ་རྒྱ་དང་འཁྲིལ་ རྒྱལ་ཡོངས་ཚོགས་སྡེ་གིས་ ངོས་ལེན་འབད་དགོཔ་མེད་རུང་ ལྡོག་ཕྱོགས་ཚོགས་པ་གིས་ དཔྱད་ཡིག་དེ་གི་ དོན་ཚན་རེ་རེ་བཞིན་དུ་ གསུང་གྲོས་གནང་དགོཔ་སྦེ་ ཞུ་བ་ནན་བསྐྱར་ཕུལ་རུང་ གནད་དོན་ཕུད་རྡོག་གཅིག་ལས་བརྒལ་ ཐེབས་ཞུ་ནི་མིན་འདུག་ཟེར་ ཚོགས་དཔོན་གྱིས་ བཀག་ཆ་གནང་མི་དེ་ལུ་ དོགས་པ་ཆགས་དགོ་པའི་ གནད་དོན་ཅིག་ལུ་ཡང་གྱུར་ནུག།
དེ་འབདཝ་ལས་ གཞུང་དང་ལྡོག་ཕྱོགས་ཀྱི་བར་ན་ དགག་བཤེར་དང་ ཚད་མཉམ་གྱི་ འགན་ཁུར་འབག་ཐོག་ལས་ སྲིད་དོན་ཚོགས་པ་ཚུ་གི་གྲས་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ སྤྱི་ཚོགས་ལས་ ཆ་འཇོག་གྲུབ་དགོཔ་ཨིན་རུང་ དེ་ནང་ལས་ གནང་བ་མ་ཞུ་བར་ གཞུང་གིས་ ཞེ་སྡུག་སྦེ་ར་ ཆ་འཇོག་གྲུབ་མི་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་ཡོདཔ་ལས་ བློན་ཆེན་དང་ དངུལ་རྩིས་བློན་པོ་གིས་ འགན་འཁྲི་འབག་ཐོག་ལས་ གོ་གནས་ལས་ དགོངས་ཞུ་འབད་དགོ་པའི་ བློ་འདོད་བཀོདཔ་ཨིན་མས།
ཁོ་གིས་ གདོང་རྒོལ་འབད་དགོ་མིའི་ གནད་དོན་གཙོ་བོ་ར་ འདས་པའི་གཞུང་གི་སྐབས་ལུ་ ཁྲལ་ཡར་སེང་འབདཝ་ད་ སྤྱི་ཚོགས་ལས་ གནང་བ་མ་ཞུ་བར་ ཐག་རང་བཅད་ཀྱི་སྒོ་ལས་ འབད་མི་ལུ་བརྟེན་ ད་ལྟོའི་བློན་ཆེན་གྱིས་ ལྡོག་ཕྱོགས་འགོ་ཁྲིདཔ་གི་ འགན་འཁྲི་འབག་པའི་སྐབས་ རྩ་ཁྲིམས་ཆེན་མོ་ སྤྱི་བོར་བཀུར་ཡོད་རུང་ ད་རེས་ གཞུང་སྐྱོང་དབུ་ཁྲིད་ཀྱི་ ཕྱག་འགན་བཞེས་པའི་ ནམ་དུས་ལུ་ རྩ་ཁྲིམས་ཆེན་མོ་ལུ་ མ་གུས་པར་ ཕྱག་ལཱ་མཛད་ཅི་ཟེར་ ཁ་ཉེས་བཀལཝ་ཨིན་མས།
རྩ་ཁྲིམས་ཆེན་མོ་འདི་ རྒྱལ་ཁབ་ཀྱི་ཁྲིམས་དང་ སྲིད་བྱུས་ཚུ་གི་མ་ཨིནམ་ལས་ དེ་ལུ་ གུས་ཞབས་མ་བསྐྱེད་པར་ཅིན་ འབྲུག་མཉམ་རུབ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པ་གཞུང་ ཁྲིམས་ཀྱི་འདུན་སར་ བསྐྱལ་ནི་གི་ གྲ་སྒྲིག་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
སྲིད་དོན་ཚོགས་པ་དེ་ལུ་ གཞུང་སྐྱོང་དེ་ ཁྲིམས་སར་བསྐྱལ་ནི་གི་ ཁྱབ་དབང་ཡོདཔ་ཨིན་ན? རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༤.༡ པའི་ནང་ ཁྲལ་དང་གླ་འཐུས་ཀྱི་རིགས་ཚུ་ ཁྲིམས་མཐུན་ཐོག་ལས་མ་གཏོགས་ བསྒྱུར་བཅོས་འབད་མི་ཆོག་ཟེར་ བཀོད་དེ་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༡ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ ཁྲིམས་ཀྱི་དོན་འགྲེལ་གནང་མིའི་ནང་ཡང་ ཁྲལ་ཡར་སེང་དང་ ཏི་རུའི་གནད་དོན་ག་ཅི་ར་ཨིན་རུང་ སྤྱི་ཚོགས་ཀྱིས་ དཔྱད་ཡིག་སྦེ་ ཆ་འཇོག་འགྲུབ་དགོཔ་སྦེ་ བཀོད་དེ་འདུག།
དེ་མ་ཚད་ ཁྲལ་བཏབ་མི་ གང་རུང་གིས་ ཏི་རུ་དང་འབྲེལ་བའི་ གནད་དོན་ག་ཅི་ར་ཨིན་རུང་ བསྒྱུར་བཅོས་བཏང་མི་ལུ་བརྟེན་ འབྱེམ་ཕོག་པ་ཅིན་ གཞུང་སྐྱོང་དེ་ ཁྲིམས་ཀྱི་འདུན་སར་ བསྐྱལ་ནི་གི་ དབང་ཚད་ཡོདཔ་སྦེ་ མངོན་མཐོ་ཁྲིམས་ཀྱིས་ འཁྲུན་ཆོད་ནང་ བཀོད་ཡོདཔ་ལས་ འབྲུག་མཉམ་རུབ་ཚོགས་པ་ལུ་ཡང་ ཁྲལ་བཏབ་མི་ཨིན་པ་ཅིན་ ཁྲིམས་གཏུགས་འབད་ནི་གི་ འོས་འབབ་ཡོདཔ་བཟུམ་སྦེ་མཐོངམ་མས།
ཁྲལ་བཏབ་མི་ཚུ་ལུ་ ཁྲལ་ལུ་བརྟེན་པའི་ ཕན་གནོད་གཉིས་ཆ་ར་ཡོད་རུང་ མ་འོངས་པ་ལུ་ གཞུང་ག་བཟུམ་འོང་རུང་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་ནི་མེདཔ་ བཟོ་ནི་དང་ རྩ་ཁྲིམས་ལུ་ བརྩི་བཀུར་དང་ གུས་ཞབས་འབད་ནིའི་དོན་ལུ་ རྩ་ཁྲིམས་ཀྱི་ དགོངས་དོན་ལས་འགལ་ཡོདཔ་ ངེས་བདེན་ཨིན་པ་ཅིན་ དེ་དང་བསྟུན་པའི་ འགན་འཁྲི་འབག་དགོཔ་ ངེས་གཏན་བཟོ་ནི་དེ་ཡང་ གལ་ཆེ་ཟེར་ ཞུ་ནི་ཨིན།
Check Also
དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།
༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …