རྩ་ཁྲིམས་ཆེན་མོ་དང་ ཟད་འགྲོ་ལྕི་དྲགས་པའི་སྐོར་ སྐུལ་བསྒྲགས་འབད་དོ་ཡོདཔ།

༉ འབྲུག་མཉམ་རུབ་ཚོགས་པ་གིས་ འབྲུག་ཕུན་སུམ་ཚོགས་པའི་ ཁས་བླངས་ཚུ་ལུ་ སྐྱོན་བརྗོད་མི་འབད་ཟེར་ བཤད་མི་དེ་ཡང་ བྱ་ཁྲུང་ཁྲུང་གིས་ ཁམ་ཤིང་མེ་ཏོག་ལུ་ སློབ་རིམ་༡༢ པ་ཚུན་ ཤེས་ཡོན་རིན་མེད་སྟོང་པར་བྱིན་ནིའི་ ཁས་བླངས་གསལ་བསྒྲགས་འབད་མི་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་བ་ཨིནམ་སྦེ་ དྲི་བཀོད་འབད་དོ་ཡོདཔ་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ བློ་གྲོས་ཚེ་རིང་གིས་ ཁ་ཙ་ བཀྲིས་སྒང་ཡང་གཉེར་གྱི་ མི་སེར་ཚུ་ལུ་ སླབ་མིའི་ནང་ རང་སོའི་ཚོགས་པའི་ ཁས་བླངས་གསལ་བསྒྲགས་མ་གཏོགས་ སྲིད་དོན་ཚོགས་པ་གཞན་ཚུ་གི་ ཁས་བླངས་གསལ་བསྒྲགས་སྐོར་ལས་ སྐྱོན་བརྗོད་འབད་ནི་མི་འོང་ཟེར་ཨིན་པས།

རང་སོའི་ཁས་བླངས་ཚུ་ མི་སེར་ཚུ་ལུ་ ལེགས་ཤོམ་སྦེ་ བཤད་བྱིན་པ་ཅིན་ སྐྱོན་བརྗོད་དང་ འཐབ་འཛིང་འབད་དགོཔ་མི་འབྱུང་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ ཚོགས་པའི་ཁས་བླངས་དེ་ཡང་ ཞིབ་འཚོལ་འབད་ཐོག་ལས་ མི་སེར་ཉམ་ཆུང་ཚུ་ལུ་ཕན་པའི་ ལས་རིམ་བཟོ་སྟེ་ཡོད་ཟེར་ཨིན་པས།

གཙོ་འཛིན་གྱིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་ ཁས་བླངས་ག་ཅི་ཨིན་ན་ མི་ཤེས་ཟེར་ཨིནམ་ད་ ཁོ་རའི་ འགན་འཁྲི་དེ་ཡང་ ཚོགས་པའི་ལྟ་བ་ཚུ་ ལེགས་ཤོམ་སྦེ་ མི་སེར་ཚུ་ལུ་ བཤད་བྱིན་ནི་དེ་ཨིན་ཟེར་ བཤདཔ་ཨིན་པས།

ཨིན་རུང་ ཁས་བླངས་ཚུ་ ཚོགས་པ་ག་གི་ ལེགས་ཤོམ་ཡོདཔ་ཨིན་ན་ མི་ཚུ་གིས་ ཐག་བཅད་དགོ་ཟེར་ཨིནམ་ད་ སྐུལ་བསྒྲགས་འགོ་བཙུགས་ཏེ་ བདུན་ཕྲག་༡ མ་ལངམ་ལས་ར་ འབྲུག་ཕུན་སུམ་ཚོགས་པ་གིས་ རང་ལུ་ ཁས་བླངས་མེདཔ་བཟུམ་སྦེ་ འབྲུག་མཉམ་རུབ་ཚོགས་པའི་ ཁས་བླངས་ཚུ་ལུ་ སྐྱོན་བརྗོད་འབད་ནི་ འགོ་བཙུགས་ཅི་ཟེར་ བློ་གྲོས་ཚེ་རིང་གིས་ བཤད་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ མི་སེར་སྤྱང་ཀའི་ ཨ་ལོ་ཚུ་ ཆེ་རིམ་གྱི་ ཤེས་ཡོན་སྦྱང་ནི་ལུ་ གོ་སྐབས་མ་ཐོབ་མི་ལུ་བརྟེན་ ན་གཞོན་དང་འབྲེལ་བའི་ དཀའ་ངལ་ཁྱབ་ཆེ་སུ་ འགྱོ་དོ་ཡོདཔ་ལས་ གལ་སྲིད་ མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ སློབ་རིམ་༡༠ པ་ལས འཇམ་ཏོང་ཏོ་སྦེ་ སློབ་རིམ་༡༢ པ་ཚུན་ འཕྲོ་མཐུད་ཤེས་ཡོན་སྦྱང་ནིའི་ གོ་སྐབས་བྱིན་འོང་ཟེར་ཨིན་པས།

ཟད་འགྲོ་དེ་ཡང་ དངུལ་ཀྲམ་ཐེར་འབུམ་ཕྱེད་ཡང་ མ་གནས་པར་ ན་གཞོན་ཚུ་གི་ དཀའ་ངལ་སེལ་ཚུགས་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ ད་ཚུན་ སློབ་རིམ་༡༠ པ་ཚུན་ ཤེས་ཡོན་རིན་མེད་སྟོང་པར་སྦེ་ བྱིན་ཡོདཔ་ལས་ སློབ་རིམ་༡༢ པ་ཚུན་ ཡར་སེང་འབད་ནིའི་ དུས་ཚོད་རན་ཡི་ཟེར་ བཤད་ཡོདཔ་ཨིན་པས།

བློ་གྲོས་ཚེ་རིང་གིས་ སླབ་མིའི་ནང་ སློབ་རིམ་༡༢ པ་ཚུན་ ཟད་འགྲོ་དེ་ གཞུང་གིས་ གཏང་དགོཔ་བཞིན་དུ་ སློབ་རིམ་༡༢ པའི་ནང་ ཤེས་ཡོན་རིན་མེད་སྟོང་པར་ བྱིན་ནི་དེ་ རྩ་ཁྲིམས་ཆེན་མོ་ལས་ འགལ་བ་མེད་པའི་ཁར་ ཁས་བླངས་བཟོ་བའི་སྐབས་ལུ་ཡང་ རྩ་ཁྲིམས་དེ་ར་ བལྟ་ཐོག་ལས་ བཟོ་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་འབད་རུང་ རྩ་ཁྲིམས་དེ་ར་ བལྟ་ལྟ་འོང་ཟེར་ཨིནམ་ད་ གལ་སྲིད་ ཚོགས་པ་དེ་ལུ་ རྩ་ཁྲིམས་སོ་སོ་ཡོད་པ་ཅིན་ ཁོ་གིས་ སླབ་མི་ཤེས་ཟེར་ཨིན་པས།

འབྲུག་ཕུན་སུམ་ཚོགས་པ་གིས་ གྲོང་གསེབ་ཀྱི་ སྐྱེས་མའི་འཐུས་བྱིན་ནིའི་སྐོར་ལས་ཡང་ སྐྱོན་བརྗོད་འབད་ཡོདཔ་བཞིན་དུ་ བློ་གྲོས་ཚེ་རིང་གིས་འབད་བ་ཅིན་ སྐྱེས་མའི་འཐུས་ བྱིན་པ་ཅིན ཨ་ལོ་དང་ ཨའི་ལུ་གཞི་འགྱམ་སྒྲིང་སྒྲི་འགྱོ་འོང་ཟེར་ཨིན་པས།

འབྲུག་ཕུན་སུམ་ཚོགས་པ་གིས་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པའི་ ཁ་ཐུག་ལས་ སློབ་རིམ་༡༢ པ་ཚུན་ ཤེས་ཡོན་རིན་མེད་སྟོང་པ་སྦེ་ བྱིན་ནི་གི་ ཁས་བླངས་འབད་མི་དེ་ འབྲུག་གི་རྩ་ཁྲིམས་ཆེན་མོ་ རྩ་ཚན་༩ པའི་རྩ་དོན་༡༦ པའི་དགོངས་དོན་ལས་ འགལ་བ་ཨིན་ཟེར་ཨིན་པས།

རྩ་དོན་༡༦ པ་དང་འཁྲིལཝ་ད་ རྒྱལ་ཁམས་ཀྱིས་ སློབ་གྲྭར་འཛུལ་རན་པའི་ ལོ་ཚད་ལོན་མི་ ཨ་ལོ་ཆ་མཉམ་ལུ་ སློབ་རིམ་བཅུ་པ་ཚུན་ ཤེས་ཡོན་སྟོང་པར་ བྱིན་ནི་དང་ བཟོ་རིག་དང་ ཁྱད་རིག་གི་ ཤེས་ཡོན་འདི་ སྤྱིར་བཏང་གིས་ཡོདཔ་ ངེས་བརྟན་བཟོ་ནི་དང་ མཐོ་རིམ་ཤེས་ཡོན་དེ་ གཟེངས་ཐོན་ལུ་ གཞི་བཞག་སྟེ་ ཆ་མཉམ་ལུ་ འདྲ་མཉམ་ཐོབ་ཚུགས་བཟོ་དགོཔ་ཨིན་པས།

འབྲུག་ཕུན་སུམ་ཚོགས་པ་གིས་འབད་བ་ཅིན་ གཞུང་གིས་ སློབ་རིམ་༡༠ པ་ཚུན་རྐྱངམ་གཅིག་ ཤེས་ཡོན་རིན་མེད་སྟོང་པར་ གནང་ཚུགས་ཟེར་ རྩ་ཁྲིམས་ཆེན་མོའི་ནང་ གསལ་བཀོད་འབད་ཡོདཔ་ལས་ མཉམ་རུབ་ཚོགས་པའི་ ཁས་བླངས་འགྲུབ་མི་ཚུགས་ཟེར་ཨིནམ་ད་ གཞི་རྟེན་ཤེས་ཡོན་དེ་ སློབ་རིམ་༡༠ པ་ཚུན་མ་གཏོགས་ སློབ་རིམ་༡༢ པ་དེ་ ཆེ་རིམ་གྱི་ ཤེས་ཡོན་སྦེ་ ཆ་འཇོག་འབད་དགོཔ་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ པདྨ་རྒྱ་མཚོ་གིས་ སྤྱི་ཟླ་༩ པའི་ཚེས་༢༧ ལུ་ གསར་སྤང་གི་ སེར་ཚུ་ལུ་ བཤད་མིའི་ནང་ འབྲུག་མཉམ་རུབ་ཚོགས་པ་གིས་ གྲོང་གསེབ་ཚུ་ལུ་ ཨ་ལོ་སྐྱེས་མི་ ཨའི་ཚུ་ལུ་ འཐུས་བྱིན་པ་ཅིན་ རྒྱལ་ཁམས་ལུ་ ཟད་འགྲོ་ལྕི་དྲགས་གནས་འོང་ཟེར་ཨིནམ་ད་ འཐུས་ཀྱི་ཚབ་ལུ་ མ་འོངས་ཨ་ལོ་ཚུ་གི་དོན་ལུ་ མ་རྩ་བཙུགས་ནིའི་ ལས་རིམ་བཟོ་བ་ཅིན་ ལེགས་ཤོམ་འོང་ཟེར་ཨིན་པས།

གལ་སྲིད་ ཁས་བླངས་དང་འཁྲིལ་ བསྟར་སྤྱོད་འབད་བ་ཅིན་ སྐྱེས་མ་རེ་གིས་ དངུལ་ཀྲམ་༣༠,༠༠༠ དེ་རེ་ སྤྲོད་དགོཔ་ལས་ ཏི་རུ་ག་ཏེ་ལས་ འབག་འོང་ནི་སྨོ་ཟེར་ པདྨ་རྒྱ་མཚོ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ འཕྲལ་གྱི་མཐའ་དོན་ལུ་ ཁས་ལེན་འབད་མི་ལུ་བལྟ་སྟེ་ མི་སེར་ཚུ་ དབང་དུ་ཤོར་ནི་ མི་འོང་ཟེར་ཨིན་པས།

གཙོ་འཛིན་པདྨ་རྒྱ་མཚོ་གིས་ རྒྱལ་ཁབ་ནང་ བཟའ་ནི་འཐུང་ནི་ མེད་པའི་སྐབས་ལུ་ཡང་ གཞུང་གིས་ སྐྱེས་མ་ཚུ་ལུ་ འཐུས་སྤྲོད་སྤྲོདཔ་མེད་རུང་ ད་ལྟོ་ མི་ཚུ་གིས་ རང་སོའི་ཨ་ལོ་ཚུ་ལུ་ དགོས་མཁོ་ཚུ་ བྱིན་ཚུགས་པས་ཟེར་ བཤད་ཡོདཔ་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་ ཁས་བླངས་ཚུ་ ཡུན་བརྟན་མེདཔ་མ་ཚད་ འཐུས་ཚུ་གྲོང་གསེབ་ཀྱི་ སྐྱེས་མ་ཚུ་ལུ་རྐྱངམ་གཅིག་ཨིནམ་ལས་ ལག་ལེན་འཐབ་ནི་ལུ་ཡང་ གདོང་ལེན་འབྱུང་འོང་ཟེར་ཨིནམ་ད་ ཨའི་མང་ཤོས་ཅིག་ རང་སོའི་རྫོང་ཁག་ལས་ ཕྱི་ཁར་སྡོད་དེ་ཡོད་ཟེར་ པདྨ་རྒྱ་མཚོ་གིས་ བཤད་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ མི་ཚུ་ལུ་ སྐྱིད་སྡུག་བྱིན་ནི་དེ་ གཞུང་གི་ཁྱད་དབང་མེད་ཟེར་ཨིནམ་ད་ སྐྱིད་སྡུག་གནང་ནིའི་ དབང་ཆ་དེ་ འབྲུག་རྒྱལ་པོ་མཆོག་ལུ་ བཞག་དགོ་ཟེར་ཨིན་པས།

གལ་སྲིད་ འཐུས་ཚུ་རིན་མེད་སྟོང་པ་སྦེ་ བྱིན་པ་ཅིན་ རྒྱལ་ཁབ་འདི་ སྤྱང་ཀ་ཐལ་འོང་ཟེར་ཨིནམ་ད་ ང་བཅས་ལུ་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་ཚུ་ ཕྱིའི་རྒྱལ་ཁབ་ཚུ་གིས་ འབད་དོ་ཡོདཔ་ལས་ རིན་མེད་སྟོང་པ་སྦེ་ བྱིན་ནི་མེད་ཟེར་ པདྨ་རྒྱ་མཚོ་གིས་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སྲིད་ཚོགས་དེ་ སྲིད་ཚོགས་ཀྱི་ འཆར་གཞི་དང་ ཁས་བླངས་ཚུ་ལུ་ གཞི་བཞག་སྟེ་ཨིནམ་ལས་ དེ་ལུ་ གཙོ་རིམ་བཟུང་སྟེ་ རྩོད་བསྡུར་འབད་དགོ་ཟེར་ཨིནམ་ད་ གལ་སྲིད་ ཁས་བླངས་ཀྱི་ འོས་འབབ་ཡོད་མེད་སྐོར་ལས་ རྩོད་འགྲན་མ་འབད་བ་ཅིན་ གཞི་ག་ཅི་ལུ་ བཞག་ཐོག་ལས་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཐག་བཅད་ནི་སྨོ་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *