༉ སྤྱི་ཟླ་༣ པའི་ཚེས་༨ ལུ་ འབྲུག་གིས་ རྒྱལ་སྤྱི་ཨམ་སྲུའི་ཉིནམ་ བརྩི་སྲུང་འབད་ཡོདཔ་བཞིན་དུ་ ཉིནམ་འདི་ འབྲུག་པའི་ཨམ་སྲུ་ཚུ་གི་དོན་ལུ་ དཀའ་སྡུག་བྱུང་མི་དང་ ཕོ་མོའི་བར་ན་ ཏོག་གོ་ས་ཚུ་ནང་ ཁྱད་པར་ཡོད་པའི་སྐོར་ བསམ་དཔྱད་དང་ གྲོས་བསྡུར་འབད་ནི་གི་ གྲོས་གནས་ཅིག་ཨིན་མས།
འདི་འབདཝ་ལས་ ཉིནམ་དེ་ནང་ ཨམ་སྲུ་ཚུ་ལུ་ ག་ཅིའི་ཐད་ལས་འབད་རུང་ གོ་སྐབས་དང་ བརྩི་མཐོང་འདྲ་མཉམ་ བསྐྱེད་དགོཔ་སྦེ་ གསལ་ཞུ་འབད་མི་ཚུ་གིས་ ཞུ་སྐུལ་འབད་མི་དེ་ཡང་ ཨམ་སྲུ་ཚུ་ལུ་ ནང་འཁོད་རྩུབ་སྤྱོད་འབད་བའི་ དཀའ་ངལ་དང་ གདོང་ལེན་ཚུ་ ཡར་འཕར་འགྱོ་མི་ལུ་བརྟེན་ཨིན་མས།
ན་ཧིང་ ཨམ་སྲུ་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ལུ་ རྒྱབ་སྐྱོར་འཚོལ་བར་དང་ ཉོགས་བཤད་བཀོད་པར་འོང་མི་༤༢༠ ལས་ བརྒྱ་ཆ་༩༤ ཨམ་སྲུ་ཨིནམ་ལས་ ནང་འཁོད་རྩུབ་སྤྱོད་ཀྱི་ དཀའ་སྡུག་ག་དེ་སྦེ་ཡོདཔ་ཨིན་ན་ དེ་གིས་ གསལ་སྟོན་འབདཝ་མས།
དེ་མ་ཚད་ ཏོག་གོ་སའི་ཐད་ལས་འབད་རུང་ འཛིན་སྐྱོང་གནས་རིམ་ནང་ ཨམ་སྲུ་རེ་གཉིས་མ་གཏོགས་མེད་པའི་ཁར་ སྤྱི་ཚོགས་ནང་ཡང་ བརྒྱ་ཆ་༨ དེ་ཅིག་མ་གཏོགས་ མེད་མི་ལུ་བརྟེན་ སྤྱིར་བཏང་གི་མཐོང་སྣང་ལུ་ རྒྱལ་ཁབ་ནང་ ཕོ་མོའི་བར་ན་ ཆགས་སྡང་ཕྱོགས་རིས་ཡོདཔ་བཟུམ་ འཚོརཝ་ཨིན་མས།
ད་རུང་ ས་གནས་གཞུང་གི་ གནས་རིམ་ནང་ཡང་ འགོ་ཁྲིད་པའི་ འགན་ཁུར་འབག་མི་ ཨམ་སྲུ་བརྒྱ་ཆ་༡༡ ལས་བརྒལ་མེདཔ་ལས་ ཕོ་མོའི་བར་ན་ ཁྱད་པར་སྦོམ་སྦེ་ར་ ཞུགས་ཏེ་ཡོདཔ་ད་ འདི་བཟུམ་མའི་ གནས་སྟངས་ནང་ ཨམ་སྲུ་ཚུ་ལུ་ ཕོ་སྐྱེས་བཟུམ་སྦེ་ ལྕོགས་གྲུབ་དང་ རིག་སྟོབས་མེད་མི་ལུ་བརྟེན་ཨིན་ན? ཡང་ཅིན་ ཨམ་སྲུ་ཚུ་གིས་ར་ འདི་བཟུམ་མའི་ འགན་ཁུར་འབག་ནི་ལུ་ སྤྲོ་བ་མེད་མི་ལུ་བརྟེན་ གདོང་ཁར་འཐོན་ནི་མེདཔ་ཨིན་ན? ཡང་ཅིན་ དང་ཕུའི་དུས་ལུ་ ཨམ་སྲུ་ཚུ་གིས་ དྲག་ཤོས་དང་ འགོ་ཁྲིད་པའི་ འགན་ཁུར་འབག་སྲོལ་མེད་མི་ལུ་བརྟེན་ ཨམ་སྲུ་ཁོང་ར་གིས་ར་ བཙག་འཐུ་འབད་ནི་མེདཔ་ཨིན་ན་ ཧ་གོ་དགོཔ་འདུག།
དཔེར་ན་ སྤྱི་ལོ་༢༠༡༣ ལུ་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་༢ ཀྱི་ བཙག་འཐུའི་སྐབས་ལུ་ ཨམ་སྲུ་འདེམས་ངོ་དག་པ་ཅིག་ ཐོན་ཡོད་རུང་ བསྐྱར་ཞིབ་ཚོགས་ཁང་ནང་ རྫོང་ཁག་༢༠ ལས་ ཨམ་སྲུ་ཕུད་རྡོག་གཅིག་ཡང་ བཙག་འཐུ་མ་གྲུབ་པའི་ཁར་ རྒྱལ་ཡོངས་ཚོགས་འདུ་ནང་ འདེམས་ཁྲི་༤༧ ཡོད་མི་ལས་ ཨམ་སྲུ་༤ རྐྱངམ་གཅིག་ བཙག་འཐུ་གྲུབ་ཡོད་མི་དེ་ གཅིག་ལས་བལྟ་བ་ཅིན་ ཨམ་སྲུ་ཚུ་ལུ་ བརྙས་བཅོས་འབད་དོ་བཟུམ་དང་ ཕྱོགས་གཅིག་ལས་ ཨམ་སྲུ་འགོ་ཁྲིདཔ་སྦེ་ བཙག་འཐུ་འབད་ནི་ལུ་ རྒྱབ་སྐྱོར་མེད་པའི་ བརྡ་མཚོན་ཅིག་ཨིན་མས།
ད་རེས་ སྤྱི་ཚོགས་གསུམ་པའི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་འགོ་འདྲེན་འཐབ་རན་ཡོད་རུང་ ད་ཚུན་གྱི་བར་ན་ ཨམ་སྲུ་འདེམས་ངོ་གྱངས་ཁ་ཆོདཔ་ཅིག་ལས་བརྒལ་ མ་ཐོན་མི་དེ་ སེམས་ཕམ་པའི་ གཞི་གནད་ཅིག་ཨིན་མས།
ད་རེས་ནངས་པར་ སློབ་གྲྭ་ཚུ་ནང་ ཤེས་ཡོན་སྦྱང་བརྩོན་འབད་མི་ སློབ་ཕྲུག་ཚུ་གི་ གྱངས་ཁ་ལས་བལྟ་རུང་ བུཚ་ལས་བུམོ་ མང་དོ་ཡོདཔ་མ་ཚད་ ཞི་གཡོག་དང་ ལས་འཛིན་ཚུ་ནང་འབད་རུང་ ལས་བྱེདཔ་ཨམ་སྲུ་མང་དོ་ཡོདཔ་ཨིན་རུང་ ང་བཅས་རའི་ རྣམ་རྟོག་དང་ མནོ་ལུགས་ཚུ་ལུ་བརྟེན་ ཨམ་སྲུ་ཚུ་ ཕོ་སྐྱེས་དང་ཕྱདཔ་ད་ གནས་རིམ་དམའ་སུ་སྦེ་ར་ བརྩི་འཇོག་འབད་བའི་ དཀའ་ངལ་འདུག།
འདི་བཟུམ་མའི་ དཀའ་ངལ་སེལ་ནི་དང་ ཕོ་མོའི་བར་ན་ ཁྱད་པར་མེདཔ་བཟོ་དགོ་པ་ཅིན་ ང་བཅས་ཀྱི་ མི་ཚུ་གི་ དང་ཕུའི་མནོ་ལུགས་ བསྒྱུར་བཅོས་འབད་དགོཔ་བཞིན་དུ་ དེ་གི་དོན་ལུ་ སྤྱིར་བཏང་མི་མང་དང་ དམིགས་བསལ་དུ་ གྲོང་གཡུས་ཚུ་ནང་ བརྡ་དོན་ཤེས་ཡོན་སྤྲོད་ནི་དེ་ ག་ནི་བ་གལ་ཆེ།