ཨ་ལོ་ཚུ་ལུ་ པར་རིས་ཀྱིས་ ཤེས་ཚོར་ཡར་རྒྱས་བཏང་ཚུགས་པའི་མཐོང་སྣང་།

རྣམ་ཅོ་བྱ་རྡུགས་ པར་རིས་ཀྱི་ཐོག་ལས་ ལྷབ་སྦྱང་འབད་དོ་ཡོདཔ།

༉ སྤ་རོ་ ཝང་གསལ་གཙུག་ལག་སློབ་སྡེའི་ སྤྱི་དོན་ཁང་དེ་ནང་ སྒྲ༌སྐད་ག་ནི་ཡང་མེད་པར་ ཁུ་སིམ་སིམ་སྦེ་ སྐྱིད་ཉམས་ཅན་ཅིག་ཨིན་མིའི་ནང་ ཤིང་གི་བཟོ་མིའི་ཁྱིམ་ནང་ སློབ་དཔོན་ཚུ་ བྱོན་པའི་སྐབས་ཀྱི་ སྒྲ་སྐད་འདི་མ་གཏོགས་མེདཔ་ལས་ པར་འབྲི་ནི་ལུ་ སྤྲོ་བ་ཡོད་མི་ཚུ་གི་དོན་ལུ་ ས་ཆ་དེ་ འོས་འབབ་ལེགས་ཤོམ་ཡོདཔ་ཨིན་པས།
གཙུག་ལག་སློབ་སྡེ་ནང་ ཕྱི་ཁའི་མགྱོནམོ་ཚུ་ འོང་བའི་སྐབས་ ཤོག་ཀུ་གུ་ པར་བྲིས་མི་དང་ ཤིང་ཆས་ཚུ་གུ་ ཚོན་བཏང་ཡོད་མི་ཚུ་གིས་ བསུ་སྟོན་འབད་དོ་ཡོདཔ་ད་ ཇ་པཱན་ལས་ ཁས་བླངས་སློབ་དཔོན་ ཧི་རོ་ཀོ་མ་སུ་ཌ་ཡོད་པའི་ཁར་ མོ་གིས་ ཨ་ལོ་རྣམ་ཅོ་བྱ་རྡུགས་ཚུ་ལུ་ པར་རིས་ཀྱི་ སློབ་སྟོན་འབདཝ་ཨིན་པས།
སློབ་ཕྲུག་ཨ་ལོ་གཉིས་ཀྱིས་ མོ་བྱོན་པའི་སྐབས་སུ་ ཁང་མིག་ཐོག་གོང་མ་ལས་ བྱོན་ཞུ་འབད་ནི་དང་འབྲེལ་ ཁོང་གིས་བྲིས་མིའི་ པར་རིས་ཚུ་ཕུལཝ་ད་ མོ་གིས་ ཨ་ལོ་ཚུ་ལུ་ ཕངམ་བཏབ་ཐོག་ལས་ པར་རིས་ཚུ་གི་སྐོར་ལས་ བརྡ་སྟོན་ཚུ་འབདཝ་ཨིན་པས།
མོ་གིས་འབད་བ་ཅིན་ ཁོང་ཨ་ལོ་ཚུ་ པར་འབྲི་ནི་ལུ་ སྤྲོ་བ་སྦོམ་འདུག་ཟེར་ཨིནམ་ད་ སློབ་ཕྲུག་ཚུ་ གནམ་དགུན་ངལ་གསོ་འགྱོཝ་ད་ ཁོང་རའི་ཕམ་ཚུ་ལུ་ ཁྱོསམ་སྦེ་ པར་བྲིས་འབག་འགྱོ་དགོ་པའི་ བསླབ་བཀོད་ཚུ་བྱིནམ་ཨིན་པས།
གལ་སྲིད་ པར་རིས་ཀྱི་ལཱ་དེ་ ལཱ་ཁག་ཅིག་སྦེ་ ཆ་གནས་འབད་བ་ཅིན་ རྣམ་ཅོ་མ་གོ་མི་ཚུ་ལུ་ འདི་བཟུམ་གྱི་ སློབ་སྟོན་འབད་ནི་དེ་ གདོང་ལེན་ཅན་ཅིག་ཨིན་རུང་ མ་སུ་ཌ་གིས་ འབད་བ་ཅིན་ སློབ་ཕྲུག་མང་ཤོས་ར་ པར་འབྲི་ནི་ལུ་ སྤྲོ་བ་ལེན་དོ་ཡོདཔ་ལས་ མོ་གིས་འབད་མིའི་ལཱ་ལུ་ སྤྲོ་བ་བྱུངམ་མས་ཟེར་ཨིན་པས།
སྤྱིར་བཏང་ མ་སུ་ཌ་གིས་ བརྡ་སྟོན་ལག་ལེན་འཐབ་ཐངས་ཤེས་རུང་ འབྲུག་དང་ ཇ་པཱན་གྱི་ བརྡ་སྟོན་ལག་ལེན་འཐབ་ཐངས་བར་ན་ ཁྱད་པར་ཡོདཔ་ལས་ འབྲུག་པའི་སློབ་ཕྲུག་ཚུ་ ནང་འཁོད་ཀྱི་ བརྡ་སྟོན་འདི་ལུ་ གོམས་སྦྱང་ཚུད་མི་ལུ་བརྟེན་ སློབ་ཕྲུག་ཚུ་ལུ་ བརྡ་སྤྲོད་ལེགས་ཤོམ་འབད་མ་ཚུགསཔ་ལས་ སློབ་ཕྲུག་ཚུ་གིས་ སྤྲོ་བ་ལེགས་ཤོམ་ མི་བསྐྱེད་དོ་ཡོདཔ་ལས་ ཁས་བླངས་པ་གིས་ གོ་བརྡ་སྤྲོད་ནིའི་དོན་ལུ་ ནང་འཁོད་སློབ་དཔོན་ཚུ་ལས་ གྲོགས་རམ་ལེན་དོ་ཟེར་ཨིན་པས།
མ་སུ་ཌ་གི་ ལས་རོགས་འབད་མི་ དངོས་གྲུབ་ཀྱིས་ སློབ་ཕྲུག་ཚུ་ལུ་ གོ་བརྡ་ལེགས་ཤོམ་སྤྲོད་ནིའི་དོན་ལུ་ གྲོགས་རམ་འབད་དོ་ཡོདཔ་ལས་ ཁོང་གཉིས་མཉམ་འབྲེལ་ཐོག་ལས་སྦེ་ སློབ་སྟོན་འབད་དོ་ཡོདཔ་ཨིན་པས།
དངོས་གྲུབ་ཀྱིས་ འབད་བ་ཅིན་ ཁོང་གིས་ གཙུག་ལག་སློབ་སྡེ་ནང་ ལག་ལེན་འཐབ་མིའི་བརྡ་སྟོན་དེ་ གཙུག་སྡེའི་ཞིབ་འཚོལ་སློབ་དཔོན་ཚུ་གིས་ ཐ་ཡེ་སྐད་ཡིག་མཁས་མཆོག་ཚུ་གི་ རྒྱབ་སྐྱོར་ཐོག་ལས་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
གཙུག་ལག་སློབ་སྡེ་ནང་ པར་འབྲི་ནིའི་ སྡེ་ཚན་དབྱེ་ཁག་བཟོ་ཡོད་རུང་ ད་ལྟོ་ རང་ལུགས་ཀྱི་ ཚོན་བཏང་མིའི་ སློབ་སྟོན་པ་རྐྱངམ་གཅིག་མ་གཏོགས་ སློབ་སྟོན་པ་གཞན་མེད་པའི་ཁར་ མ་སུ་ཌ་དེ་ ཉམས་མྱོང་ཅན་དང་ སློབ་ཕྲུག་ཚུ་ སྤྲོ་བ་བསྐྱེད་ཐབས་ལུ་ ཐབས་ཤེས་སྣ་ཚོགས་བཏོན་ཏེ་ འབད་དོ་ཡོདཔ་ལས་ སློབ་ཕྲུག་ཚུ་ མོ་གིས་ སློབ་སྟོན་འབདཝ་ད་ སྤྲོ་བ་བསྐྱེད་མི་ལུ་བརྟེན་ གཙུག་ལག་སློབ་སྡེ་ནང་ ཕན་ཐོགས་ཅན་ཅིག་ཨིན་ཟེར་ཨིན་པས།
ཁོང་ཁས་བླངས་པ་ཚུ་ སློབ་ཕྲུག་ཚུ་གི་ རིག་རྩལ་ལུ་བལྟ་སྟེ་ ངལ་རང་སྟེ་ཡོདཔ་ད་ ཨ་ལོ་ སྤྲོ་བ་མེད་མི་ཚུ་ སྤྲོ་བ་བསྐྱེད་བཅུག་ནིའི་དོན་ལུ་ ཐབས་ཤེས་གསརཔ་ཐོབ་ཅི་ཟེར་ མ་སུ་ཌ་གིས་ བཤད་པའི་ཁར་ མོ་གིས་ པར་རིས་ཀྱི་ཐོག་ལས་སྦེ་ ཨ་ལོ་ཚུ་ སྤྲོ་བ་ལེན་བཅུགཔ་ཨིན་པས།
སློབ་ཕྲུག་ཚུ་གིས་ འབད་མིའི་ལཱ་ཚུ་ བརྡ་བྱང་གུ་ འགྲེམས་སྟོན་འབད་ཐོག་ལས་ སློབ་ཕྲུག་ཁོང་རའི་བར་ནང་ འགྲན་བསྡུར་གྱི་ ཚོར་སྣང་ཅིག་ཡང་ བྱུངམ་མས་ཟེར་ མ་སུ་ཌ་གིས་ སླབ་ཨིན་པས།
མཁས་བླངས་པ་ཚུ་གིས་ འབད་བ་ཅིན་ པར་འབྲི་ནི་དེ་གིས་ སློབ་ཕྲུག་ཚུ་ མནོ་བསམ་བཏང་ཐངས་དང་ རིག་རྩལ་ཡར་རྒྱས་གཏང་ནི་ལུ་ ཕན་ཐོགས་སྦོམ་ཡོད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཨ་ལོ་ཚུ་ པར་འབྲི་བའི་སྐབས་ གཡུས་ཚན་དང་ དར་ཤིང་ དེ་ལས་ གངས་རི་གི་པར་དང་ འཆར་སྣང་ཚུ་འབྲི་དོ་ཡོད་མི་ལུ་བལྟཝ་ད་ སློབ་ཕྲུག་ཚུ་ག་ར་ སློབ་སྡེའི་ནང་སྡོད་དགོ་མི་ལུ་བརྟེན་ ཁོང་རའི་གཡུས་ དྲན་དོ་འོང་ནི་མས་ཟེར་ཨིན་པས།
སློབ་སྟོན་པ་ མ་སུ་ཌ་ སྤྱི་ལོ་༢༠༡༩ ལུ་ ལོག་ཇ་པཱན་ལུ་ འགྱོ་དགོཔ་ལས་ མོ་གིས་འབད་བ་ཅིན་ མོ་འབྲུག་རྒྱལ་ཁབ་ནང་ སྡོད་ནི་དེ་ དགའ་ཏོག་ཏོ་འདུག་ཟེར་ཨིནམ་ད་ འབྲུག་རྒྱལ་ཁབ་ནང་གི་ སྔར་སྲོལ་གྱི་ ཁྱིམ་དང་ ལྷ་ཁང་ དེ་ལས་ རྫོང་གཞིས་ཚུ་གི་ བཟོ་བཀོད་ཚུ་ ག་ནི་བ་ མཛེས་ཆ་དང་ལྡནམ་སྦེ་ཡོདཔ་ལས་ སྒྱུ་རྩལ་མཁནམ་ཚུ་གི་དོན་ལུ་ ས་གནས་ལེགས་ཤོམ་ཅིག་ ཨིན་མས་ཟེར་ཨིན་པས།
ཁས་བླང་པ་ཚུ་གིས་ འབད་བ་ཅིན་ ཨ་ལོ་ རྣམ་ཅོ་དགོ་མི་ཚུ་ལུ་ ཚན་རིག་གི་ ཆོས་ཚན་དང་ རྩིས་དེ་ཚུ་ སློབ་སྦྱོང་འབད་དོ་ཡོད་རུང་ རྣམ་ཅོ་བྱ་རྡུགས་འབད་མི་ཚུ་ལུ་ ཁོང་རའི་རིག་རྩལ་བཏོན་ས་དེ་ ཆོས་ཚན་ པར་འབྲི་ནི་དེ་ར་ཨིན་མས་ཟེར་ ཨིན་པིའི་གནས་ཚུལ།

རྣམ་རྒྱལ་དབང་མོ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *