ནོར་རྫས་འབྲུག་པ་དེ་ རྡོ་སྒར་ལུ་ མོ་རའི་ ཨ་ལཱན་ཅི་ཞིང་ནང་ ལཱ་འབད་བའི་བསྒང་།

རྡོ་སྒར་གྱི་ སོ་ནམ་པ་ཚུ་གིས་ བཙག་འཐུ་ལས་ ཨ་ལཱན་ཅིའི་ལཱ་ལུ་ གཙོ་རིམ་བཟུང་དོ་ཡོདཔ།

རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ནང་ འབྱ་བསྡུ་བའི་བསྒང་ཡོད་རུང་ བསམ་རྩེ་རྡོ་ཕུག་ཅན་བཟུམ་ཅིག་ནང་འབད་བ་ཅིན་ སོ་ནམ་པ་ཚུ་ དངུལ་ཐོག་ཨ་ལཱན་ཅི་ཞིང་ནང་ འདུ་འཛི་ཅན་སྦེ་ སྡོད་སར་མཐོང་གསལ་བྱུངམ་ཨིན་པས།

སྐྱེས་ལོ་༥༦ ལང་མི་ ནོར་རྫས་འབྲུག་པ་དང་ མོ་རའི་རྨགཔ་ སྐྱེས་ལོ་༧༣ ལང་མི་ ཇེབ་ཚེ་རིང་བཟའ་གྲོགས་༢ ཀྱིས་ བཙག་འཐུ་ལུ་མེན་པར་ ཨ་ལཱན་ཅི་ བསྡུ་ནི་ལུ་ གཙོ་རིམ་བྱིནམ་ཨིན་པས།

ཁོང་༢ ཀྱིས་ ན་ཧིང་ ཨ་ལཱན་ཅི་ས་ཆ་ཌིསི་༤༥ ནང་ འཛུགས་སྐྱོང་འབད་ཡོདཔ་ལས་ ཀེ་ཇི་༤༥ དེ་ཅིག་ ཐོན་སྐྱེད་འབད་ཡོད་རུང་ དུས་ཅི་ ཐོན་སྐྱེད་ལེགས་ཤོམ་ མིན་འདུག་ཟེར་ བཤདཔ་ཨིན་པས།

ནོར་རྫས་ཀྱིས་ སླབ་མིའི་ནང་ ན་ཧིང་འབད་བ་ཅིན་ ཨ་ལཱན་ཅི་རྩ་བོ་༣ གྱིས་ ཐོན་སྐྱེད་ཕད་ཙེ་གང་ནི་ཡོད་རུང་ དུས་ཅི་ ཐོན་སྐྱེད་ལེགས་ཤོམ་མིན་འདུག་ཟེར་ཨིན་པས།

ཨིན་རུང་ རྡོ་སྒར་ལུ་ ཨ་ལཱན་ཅི་ཞིང་ལས་ ཐོན་སྐྱེད་ལེགས་ཤོམ་ འཐོན་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ ཁོ་གིས་ བཤད་ཡོདཔ་ད་ རྡོ་ཕུག་ཅན་ལུ་ ཨ་ལཱན་ཅིའི་ཤིང་ལུ་ ནད་ཐོབ་དོ་བཟུམ་སྦེ་ སེརཔ་གྱུར་ཏེ་ཡོད་རུང་ རྡོ་སྒར་གཡུས་ཚན་ནང་ ལེགས་ཤོམ་ཡོདཔ་ཨིན་པས།

སོ་ནམ་པ་ སྐྱེས་ལོ་༧༡ ལང་མི་ ཕུར་པ་གིས་ སླབ་མིའི་ནང་ ད་རེས་ ཨ་ལཱན་ཅི་འི་ གོང་ཚད་ལེགས་ཤོམ་མེདཔ་ལས་ སེམས་དང་མ་ལྡན་པར་ཡོདཔ་ཨིན་རུང་ གནས་ཚུལ་བཟང་པོ་དེ་ ཨ་ལཱན་ཅིའི་ཤིང་ ཤི་མི་ཚུ་ ལོག་སྐྱེས་ཡོདཔ་མ་ཚད་ ནད་འབུབ་མ་ཟུན་པར་ཡོད་ཟེར་ཨིན་པས།

ཁོ་གིས་ ཨ་ལཱན་ཅིའི་ ལཱ་འབད་དེ་ ལོ་༡༥ དེ་ཅིག་ ལང་ཡོདཔ་བཞིན་དུ་ དུས་ཅི་ ཨ་ལཱན་ཅི་ཞིང་ ཨེ་ཀར་༡ དེ་ཅིག་ཡོད་མི་ལས་ ཀེ་ཇི་༤༠ དེ་ཅིག་ ཐོན་སྐྱེད་འབད་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་པས།

སྐྱེས་ལོ་༣༠ ལང་མི་ ནག་གླེམོ་གིས་ ཨ་ལཱན་ཅིའི་ ལཱ་འབད་དེ་ ལོ་༥ ལང་ཡོདཔ་ད་ ན་ཧིང་ མོ་གིས་ ཨ་ལཱན་ཅི་ ཀེ་ཇི་༢༠ དེ་ཅིག་ ཐོན་སྐྱེད་འབད་ཡོད་རུང་ དུ་ཅི་ ཐོན་སྐྱེད་མར་འབབ་འགྱོ་ནི་བཟུམ་ཡོད་ཟེར་ཨིན་པས།

བཙག་འཐུའི་སྐབས་ རྡོ་སྒར་གཡུས་ཚན་གྱིས་ ཨ་ལཱན་ཅི་ ཚོང་འབྲེལ་འཐབ་ས་ གཙོ་རིམ་བཟུང་དགོཔ་ཡོད་པའི་སྐོར་ བཤད་པའི་ཁར་ གཞུང་གསརཔ་ག་འོང་རུང་ དཀའ་ངལ་དེ་ སེལ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ བཤདཔ་ཨིན་པས།

སྐྱེས་ལོ་༥༤ ལང་མི་ སྤ་རོཔ་གླེང་གོ་གིས་འབད་བ་ཅིན་ གཞུང་དང་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ཚོང་ལམ་དེ་ རྩ་བརྟན་བཟོ་དགོཔ་འདུག་ཟེར་ཨིནམ་ད་ ད་རེས་ ས་མཚམས་ཀྱི་ ཚོང་པ་ཚུ་ལུ་ ཨ་ལཱན་ཅི་བཙོང་དོ་ཟེར་ཨིན་པས།

ས་མཚམས་ཕྱི་ཁའི་ ཚོང་པ་ཚུ་གིས་ བརྒྱུད་འཕྲིན་ནང་ ཨ་ལཱན་ཅིའི་ གོང་ཚད་ལེགས་ཤོམ་བྱིན་ནི་ཟེར་སླབ་ཨིན་རུང་ ཁོང་ལུ་ བཙོང་པར་འགྱོ་བའི་སྐབས་ གོང་ཚད་ལེགས་ཤོམ་ བྱིན་མི་བཏུབ་པས་ཟེར་ སྤ་རོཔ་གླེང་གོ་གིས་ བཤདཔ་ཨིན་པས།

བཙག་འཐུའི་སྐོར་ སྤ་རོཔ་གླེང་གོ་གིས་ སླབ་མིའི་ནང་ ནངས་པར་ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ ལྷོད་ཞིནམ་ལས་རྐྱངམ་གཅིག་ ཚོགས་རྒྱན་ག་ལུ་ བཙུགས་ནི་ཨིན་ན་ ཐག་བཅད་ཚུགས་ནི་མས་ཟེར་ཨིནམ་ད་ ང་བཅས་ལུ་དགོ་མི་ ཞབས་ཏོག་དང་ ཁོང་ལུ་ དགོ་མི་དེ་ ཚོགས་རྒྱན་ཨིན་ཟེར་ བཤདཔ་ཨིན་པས།

དེ་འབདཝ་ད་ ནོར་རྫས་འབྲུག་པ་དེ་ བཙག་འཐུ་ལུ་ སྣང་དག་ག་ནི་ཡང་མེད་པར་ ཨ་ལཱན་ཅིའི་ཚང་ནང་ ལཱ་འབད་བའི་ མཐོང་གསལ་བྱུང་དོ་ཡོདཔ་ད་ མོ་གིས་འབད་བ་ཅིན་ མོ་གི་དོན་ལུ་ ཨ་ལཱན་ཅི་དེ་ ཁག་ཆེ་མི་དེ་ཡང་ ཁོང་ར་བཟའ་ཚང་ཉམ་ཆུང་ཨིནམ་མ་ཚད་ ཨ་ལོ་༥ ཡོད་མི་ཚུ་ག་ར་ སློབ་རིམ་༡༠ པ་མཇུག་བསྡུ་སྟེ་ ལཱ་གཡོག་མེད་པར་ སྡོད་ཡོད་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *