༉ གསར་སྤང་དང་ དགེ་ལེགས་ཕུག་གི་ གཞུང་ལམ་བར་ནའི་གཡུས་ཚན་ ཆོས་འཁོར་གླིང་ལས་ ཁ་ཡར་བལྟ་སྟེ་ ཀི་ལོ་མི་ཊར་༤ དེ་ཅིག་ སྣུམ་འཁོར་ནང་འགྱོཝ་ད་ ག་ནི་བ་ ཉམས་དགའ་བའི་ཁར་ མཐོང་གསལ་ཆེ་བའི་ས་གནས་ རྡོ་ལུང་སྒང་ལུ་ ལྷོདཔ་ཨིན་པས།
ས་གནས་དེ་ནང་ ད་རེས་ནངས་པ་ པད་ཚལ་གླིང་སྤྲུལ་སྐུ་ སྐུ་ཕྲེང་༥ པ་ པདྨ་ཀུན་བཟང་བསྟན་འཛིན་རྒྱ་མཚོ་མཆོག་གིས་ ཁོ་རའི་ གདན་ས་གཉིས་པ་ ཕྱག་བཏབ་གནང་ནིའི་དོན་ལུ་ ས་ཆ་ཨེ་ཀར་༡༤ དེ་ཅིག་ནང་ གཙུག་ལག་ཁང་སྦོམ་ཅིག་ གསར་བཞེངས་འབད་བའི་བསྒང་འདུག།
གཙུག་ལག་ཁང་གསར་བཞེངས་དོན་ལུ་ ས་བསླང་རྟེན་འབྲེལ་དེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ མཛད་ཡོདཔ་བཞིན་དུ་ གསར་བཞེངས་ཀྱི་ལཱ་ངོ་མ་དེ་ སྤྱི་ལོ་༢༠༡༦ གི་ཟླཝ་༡༠ པའི་ནང་ འགོ་བཙུགས་ཅི་ཟེར་ གྲྭ་ཚང་གསར་བཞེངས་ཀྱི་ ལས་འགུལ་འཛིན་སྐྱོང་པ་ གསང་སྔགས་བསྟན་འཛིན་གྱིས་ སླབ་ཨིན་པས།
པད་ཚལ་གླིང་སྤྲུལ་སྐུ་མཆོག་གིས་ གསུངས་མིའི་ནང་ གཙུག་ལག་ཁང་གསར་བཞེངས་དོན་ལུ་ སྔོན་རྩིས་མ་དངུལ་ དངུལ་ཀྲམ་ས་ཡ་༡༢༠ བཏོན་མིའི་ཐོག་ལས་ ད་ལྟོ་ཚུན་ དངུལ་ཀྲམ་ས་ཡ་༩༩.༥ དེ་ཅིག་ ཟད་འགྲོ་བཏང་ཚར་ཡི་ཟེར་ཨིན་པས།
བཟོ་སྐྲུན་གྱི་ཐད་ཁར་ ད་ལྟོ་ ལཱ་བརྒྱ་ཆ་༥༠ དེ་ཅིག་ལས་ མཇུག་བསྡུ་མ་ཚུགས་ནི་དེ་གིས་ ད་རུང་ དངུལ་ཀྲམ་ས་ཡ་༡༠༠ ལྷགཔ་ཅིག་ དགོཔ་འཐོན་ནི་ཨིནམ་ལས་ ཚ་གྱང་ལང་སྟེ་ ཡོད་ཟེར་ཨིན་པས།
དེ་ཡང་ག་འཆརཔ་ཟེར་བ་ཅིན་ གཙུག་ལག་ཁང་གསར་བཞེངས་དོན་ལུ་ མ་དངུལ་བཏོན་མི་ ཁོ་ར་རྐྱངམ་གཅིག་མ་གཏོགས་ རྒྱབ་སྐྱོར་འབད་མི་གཞན་ བསྟན་པའི་སྦྱིན་བདག་ཨིན་ཟེར་ ལོགས་སུ་སྦེ་འཐོན་མི་ཅིག་ ག་ཡང་མེད་ནི་དེ་གིས་ཨིན་པས།
དེ་འབདཝ་ལས་ པད་ཚལ་གླིང་སྤྲུལ་སྐུ་ཁོ་ར་ སྐུ་འོ་བརྒྱལ་བ་ལུ་མ་གཟིགས་པར་ འཕྲལ་འཕྲལ་སྦེ་ར་ ཕྱིའི་རྒྱལ་ཁབ་ ཧོང་ཀོང་དང་ སིངྒ་པུར་ལ་སོགས་པ་ཚུ་ནང་ བྱོན་ཞིནམ་ལས་ རིམ་གྲོ་དང་ གསུང་ཆོག་ཚུ་གནང་སྟེ་ དེ་ལས་ཐོབ་མི་ ཏི་རུ་དེ་གིས་ གཙུག་ལག་ཁང་གསར་བཞེངས་དོན་ལུ་ ཟད་འགྲོ་བཏངམ་ཨིན་ཟེར་ ཨིན་པས།
ལས་འགུལ་འཛིན་སྐྱོང་པ་གིས་ སླབ་མིའི་ནང་ དགེ་སློང་༣,༠༠༠ ལྷགཔ་ཅིག་གི་ ཤོང་ཚད་ཡོད་མི་ སྦུག་གི་ཚོགས་ཁང་ ཐོག་ཚད་༣ འབད་མི་དེ་ ཧ་ལམ་ བསྒྲུབ་རན་ཁར་ལྷོད་དེ་ཡོད་ཟེར་ཨིནམ་ད་ ཚོགས་ཁང་དེ་ནང་ མཐོ་ཚད་ཕིཊ་༡༩ འབད་མི་ སྟོན་པའི་སྐྲུ་འདྲ་སྦོམ་ཅིག་ བཞེངས་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
དེ་ལས་ ཚོགས་ཁང་གི་ཕྱོགས་༤ ལུ་ ཐོག་ཚད་༢ རེ་འབད་མི་ གྲྭ་ཤག་༤ བཟོ་སྐྲུན་འབད་ནི་ཨིནམ་ད་ ད་ལྟོ་ གྲྭ་ཤག་༢ ཀྱི་བཟོ་སྐྲུན་ལཱ་ཚུ་ འགོ་བཙུགས་མ་ཚུགས་པར་ཡོདཔ་ད་ གྲྭ་ཤག་ཚུ་ནང་ བསྡོམས་ཀྱིས་དགེ་སློང་༡༥༠ དེ་ཅིག་ ཤོང་ཚུགས་ནི་ཨིན་པས།
འཆར་གཞི་དང་འཁྲིལཝ་ད་ དགེ་སློང་ཚུ་གི་དོན་ལུ་ སྨན་སྤྲོད་ཁང་དང་ མགྱོན་ཁྱིམ་ དེ་ལས་ མཆོད་རྟེན་༡༠༨ ཡོད་པའི་ལྕགས་རི་ཚུ་ བཟོ་སྐྲུན་འབད་ནི་ཨིན་པས།
གཙུག་ལག་ཁང་གསར་བཞེངས་དོན་ལུ་ ས་གནས་ཀྱི་དད་ཅན་ཚུ་གིས་ རང་སོའི་ས་ཆ་ཚུ་ ཞབས་ཏོག་སྦེ་ ཕུལ་ཡོད་རུང་ དེ་གིས་ལང་མ་ཚུགསཔ་ལས་ དངུལ་ཀྲམ་ས་ཡ་༨ དེ་ཅིག་གནས་པའི་ ས་ཆ་མཁོ་སྒྲུབ་འབད་ཡི་ཟེར་ ལས་འགུལ་འཛིན་སྐྱོང་པ་གིས་ སླབ་ཨིན་པས།
སྣུམ་འཁོར་ལམ་གྱི་ཐད་ཁར་ རྡོ་བཱན་རྒེད་འོག་ནང་འགྱོ་སའི་ འཁོར་ལམ་ལས་ གྲྭ་ཚང་བཞེངས་ས་ཚུན་ ཀི་ལོ་མི་ཊར་༡ ལྷགཔ་ཅིག་ བསལ་ཡོད་མི་དེ་ ད་ལྟོ་ རྩི་ནག་མ་གཏང་པར་ཡོདཔ་ལས་ སང་ཕོད་ཀྱི་ལོ་ནང་ རྫོང་ཁག་གིས་ འཆར་གཞི་ནང་བཙུགས་ཞིནམ་ལས་ ཞབས་ཏོག་ཞུ་ནི་ཨིན་པས།
ཆོས་འཁོར་གླིང་ལུ་སྡོད་མི་ སངས་རྒྱས་ཀྱིས་ སླབ་མིའི་ནང་ ཁོང་གི་གཞིས་གསར་ནང་ གཙུག་ལག་ཁང་དང་ འཕགས་པའི་དགེ་འདུན་གྱི་སྡེ་ གཞི་བཙུགས་འབད་མི་དེ་གིས་ ཁོང་མི་སེར་ཆ་ཁྱབ་ དགའ་སྤྲོ་ཚད་མེད་བྱུང་མི་དེ་ཡང་ ད་ལྟོ་ཚུན་ གཞིས་གསར་ནང་ དེ་བཟུམ་མའི་ ཕྱག་འཚལ་ས་དང་ མཆོད་པ་ཕུལ་ས་ དད་པ་བསྐྱེད་སའི་ རྟེན་བཟང་པོ་ཅིག་མེད་ནི་དེ་གིས་ ཨིན་ཟེར་ཨིན་པས།
པད་ཚལ་གླིང་སྤྲུལ་སྐུ་མཆོག་གིས་ གསུངས་མིའི་ནང་ དགེ་ལེགས་ཕུག་ རྡོ་ལུང་སྒང་ལུ་ ཁོ་རའི་གདན་ས་༢ པ་ ཕྱག་བཏབ་གནང་དགོ་པའི་ དམིགས་ཡུལ་དེ་ཡང་ རྒྱུ་མཚན་༣ ལྡན་གྱི་ཐོག་ལས་ ཨིན་ཟེར་ཨིན་པས།
དེ་ཡང་དང་པ་ འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་འདི་ནང་ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ འཛིན་སྐྱོང་སྤེལ་གསུམ་ཐོག་ལས་ མི་ཉམས་ཡུན་དུ་གནས་ཐབས་ལུ་ ཨིན་ཟེར་ཨིན་པས།
གཉིས་པ་ཟེརཝ་ད་ པད་ཚལ་གླིང་སྤྲུལ་སྐུ་ སྐུ་ཕྲེང་དང་པ་ གྲུབ་ཐོབ་རྣམ་རྒྱལ་ལྷུན་གྲུབ་ཀྱིས་ སྤྱི་ལོ་༡༧༦༩ ལུ་ གཞི་བཙུགས་གནང་མི་ བུམ་ཐང་པད་ཚལ་གླིང་དགོན་པ་དེ་ གྱང་བསིལ་ཆེ་བའི་ རི་མཐོ་སར་ ཆགས་ཡོད་མི་ལུ་བརྟེན་ གྲྭ་ཚང་འཕགས་པའི་དགེ་འདུནམ་ཚུ་གི་ གནམ་དགུན་གྱི་ བཞུགས་གནས་དོན་ལུ་ ཨིན་ཟེར་ཨིན་པས།
གསུམ་པའི་ཐད་ཁར་ ལྷོ་ཕྱོགས་ཁ་ཐུག་གི་ ས་མཚམས་ས་གནས་ཚུ་ནང་ གཞིས་གསར་ནང་སྡོད་མི་ འབྲུག་མི་སྟོང་ཕྲག་ལས་བཅད་དེ་ཡོདཔ་ལས་ ཁོང་གི་ཚོགས་བསག་སྒྲིབ་སྦྱང་དོན་ལུ་ ཕྱག་འཚལ་ས་དང་ སྐྱབས་འཚོལ་སའི་རྟེན་བཟུམ་ཅིག་དང་ གསོན་པོའི་རིམ་གྲོ་དང་ གཤིན་པོའི་དགེ་རྩ་ དེ་ལས་ ཡར་ངོ་མར་ངོའི་ཚོགས་འཁོར་ལ་སོགས་པའི་ རྣམ་དཀར་དགེ་བའི་ ཆོས་ཕྱོགས་ལས་རིམ་ཚུ་གི་ ཞབས་ཏོག་བསྒྲུབ་ནིའི་ མཐའ་དོན་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།
དེ་ལས་ གནམ་བྱཱར་དགུན་གྱི་ གསོལ་ཐབ་ལམ་ལུགས་ཐད་ཁར་ བུམ་ཐང་ པད་ཚལ་གླིང་བྱང་ཆུབ་དཔལ་རི་དགོན་པ་ལས་ གནམ་དགུན་གྱི་བཞུགས་གནས་ དགེ་ལེགས་ཕུག་རྡོ་ལུང་སྒང་ པད་ཚལ་གླིང་ཐུབ་བསྟན་བཤད་སྒྲུབ་གླིང་ལུ་ རང་ཟླ་༩ པའི་ཚེས་༡༧ ལུ་ གསོལ་ཐབ་བྱོན་པའི་ལམ་ཁར་ ཀྲོང་གསར་གླང་མཐིལ་ལུ་ དགུང་ཞག་བཞུགས་ཏེ་ དེ་གི་ནངས་པར་ ཕེབས་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གནམ་བྱཱར་གྱི་བཞུགས་གནས་ དགེ་ལེགས་ཕུག་ལས་ བུམ་ཐང་ལུ་ རང་ཟླ་༢ པའི་ཚེས་༡༧ ལུ་ གསོལ་ཐབ་བྱོན་པའི་སྐབས་ལུ་ཡང་ ཀྲོང་གསར་གླང་མཐིལ་ལུ་ དགུང་ཞག་བཞུགས་ཏེ་ དེ་གི་ནངས་པར་ ཕེབས་དོ་ཡོདཔ་ཨིན་པས།
གསོལ་ཐབ་བྱོན་པའི་སྐབས་ ཞབས་དྲུང་ཁམས་གསུམ་ཟིལ་གནོན་གྱི་སྐུ་འདྲ་དང་ དཔལ་ཚལ་གླིང་སྐུ་ཕྲེང་དང་པ་ གྲུབ་ཐོབ་རྣམ་རྒྱལ་ལྷུན་གྲུབ་ཀྱི་ སྐུ་འདྲ་དང་དབུ་ཞྭ་ ཕྱག་པར་ཡོད་པའི་དྲིལ་བུ་ ཕྱག་མཛུབ་ཀྱི་པར་ཡོད་པའི་རྡོ་ འཇིགས་མེད་གླིང་པའི་སྐུ་འདྲ་ དེ་ལས་ ཕུར་པའི་དཀྱིལ་འཁོར་ལ་སོགས་པའི་ ནང་རྟེན་བྱིན་བརླབས་ཅན་ཚུ་ལས་ དབང་ཞུ་ནི་དང་ ཕེབས་བསུ་ཞུ་ནིའི་དོན་ལུ་ ལམ་བདའ་སྟེ་ དད་ཅན་སྐྱ་སེར་སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་སྲོལ་ཡོདཔ་ཨིན་པས།
པད་ཚལ་གླིང་སྤྲུལ་སྐུ་མཆོག་གི་ ཐུགས་བཞེད་ལས་འབད་བ་ཅིན་ ཤུལ་ལས་ རྡོ་ལུང་སྒང་ལུ་ ནང་པའི་གཙུག་ལག་སློབ་སྡེ་ཅིག་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་མི་དེ་ རེ་བ་ལྟར་དུ་ འགྲུབ་ཚུགས་པའི་ སྨོན་ལམ་ཡོད་ཟེར་ གསུངསམ་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།