ཚོགས་རྒྱན་བཙུགས་ནིའི་དོན་ལུ་ གྱལ་བཙར་སྡོད་མི་ རྡོ་རོ་ནང་རྒེད་འོག་གི་ མི་སེར་ཚུ།

རྡོ་རོ་ནང་རྒེད་འོག་གིས་ བརྡ་དོན་འཕྲུལ་རིག་གི་མི་ངོམ་ གདམ་འཐུ་འབད་ཡོདཔ།

དར་དཀར་ནང་ རྡོ་རོ་ནང་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ མི་ངོམ་གཉིས་ཐོན་ས་ལས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ གློག་རིག་ཀམ་པུས་ཊར་ཆོས་ཚན་ནང་ ཤེས་ཚད་མཐར་འཁྱོལ་མི་ དབང་འདུས་ཀྱིས་ གདམ་ངོའི་འཛོམས་འདུ་ལས་ རྒྱལ་ཁ་ཐོབ་ཅི།

རྡོ་རོ་ནང་རྒེད་འོག་ལྟེ་བའི་ནང་ལུ་སྦེ་ ཚོགས་རྒྱན་བཙུགས་པའི་སྐབས་ ཚོགས་རྒྱན་བཙུགས་པར་འོང་མི་༢༦༥ ཡོད་ས་ལས་ དབང་འདུས་ཀྱིས་ ཚོགས་རྒྱན་༡༣༧ ཐོབ་ཡོདཔ་ད་ ཁོ་དང་གཅིག་ཁར་ དོ་འགྲན་འབད་མི་ སུག་མཱན་མོང་སྒར་གྱིས་ ཚོགས་རྒྱན་༡༢༨ ཐོབ་ཅི།

མ་གཞི་ རྡོ་རོ་ནང་ལུ་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ཡོངས་བསྡོམས་༡,༢༨༦ ཡོད་ས་ལས་ ཕོ་སྐྱེས་༦༩༠ དང་ ཨམ་སྲུ་༥༩༦ ཡོད་དེ་འབད་རུང་ ཁ་ཙ་ གདམ་ངོའི་འཛོམས་འདུ་ནང་ ཚོགས་རྒྱན་བཙུགས་མི་༢༦༥ ལས་ མ་འོངམ་ཨིན་པས།

དབང་འདུས་ཀྱིས་ བཤད་མི་དང་འཁྲིལཝ་ད་ ཁོ་ར་ གདམ་ངོའི་འཛོམས་འདུ་ནང་ལས་ གདམ་འཐུ་གྲུབ་མི་དེ་ རྡོ་རོ་ནང་རྒེད་འོག་གི་མི་སེར་ཚུ་གིས་ ཁོ་ལུ་ བློ་གཏད་དང་ཡིད་ཆེས་ཡོད་ནི་དེ་གིས་ཨིནམ་ལས་ ཁོ་གིས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འགན་ཁུར་སྦོམ་ ཕོག་ཅི་ཟེར་ཨིན་པས།

དབང་འདུས་ཀྱིས་འབད་བ་ཅིན་ ཁོ་རའི་ གཙོ་རིམ་དང་པ་དེ་ར་ མི་སེར་གྱི་ རེ་འདོད་འགྲུབ་ནི་དེ་ཨིནམ་ལས་ ཁོ་རའི་ཁ་ཐུག་ལས་ ག་དེ་དྲག་དྲག་ཅིག་ ཕྱག་ཞུ་ནི་ལུ་ རྩ་འགེངས་ནི་ཟེར་ཨིན་པས།

སྐྱེས་ལོ་༣༢ ལང་མི་ དབང་འདུས་ཁོ་ར་ རྡོ་རོ་ནང་རྒེད་འོག་ ལ་ལི་ད་པར་གཡུས་ཚན་ལས་ཨིནམ་ད་ ཁོ་གིས་ སྤྱི་ལོ་༢༠༡༠ ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་བའི་ཤུལ་ལུ་ གློག་རིག་ཀམ་པུས་ཊར་གྱི་ སློབ་སྟོན་པ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།

ཁོ་གིས་ ས་གནས་གཞུང་གི་ བཙག་འཐུ་སྐབས་ལུ་ རྒཔོ་གི་དོན་ལུ་ དོ་འགྲན་འབད་ཡོདཔ་ཨིན་རུང་ དེ་བསྒང་ རྒྱལ་ཁ་ཐོབ་མ་ཚུགསཔ་ཨིན་པས།

དབང་འདུས་ཀྱིས་འབད་བ་ཅིན་ ཁོ་ར་ཧེ་མ་ལས་ མཐའ་ཟུར་གཡུས་ཚན་གྱི་ མི་སེར་ཚུ་ལུ་ དཀའ་སྡུག་ག་ཅི་ཡོདཔ་ཨིན་ན་ ཤེས་མི་ཅིག་ཨིནམ་ལས་ མི་སེར་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ ལཱ་འབད་ནི་གི་མནོ་བསམ་ཡོདཔ་ལས་ རྒྱལ་ཡོངས་ཚོགས་སྡེའི་ མི་ངོམ་སྦེ་ ཐོན་ཡི་ཟེར་ཨིན་པས།

ཧེ་མ་ཡང་ མི་སེར་དང་གཅིག་ཁར་ འབྲེལ་བ་འཐབ་ནིའི་ གོ་སྐབས་འཐོབ་པ་ཅིན་ཟེར་ རྒཔོ་གི་དོན་ལུ་ དོ་འགྲན་འབད་ཡོད་རུང་ དེ་བསྒང་ གཡུས་ཁར་འོང་སྟེ་ གངམ་མ་འགྱོཝ་ལས་ མི་སེར་ཚུ་དང་ ངོ་ཤེས་འདྲིས་ཤེས་ལེགས་ཤོམ་མེད་པར་ འཐུས་ཤོར་ཡོད་རུང་ ད་ལྟོ་ མི་སེར་ཚུ་དང་ འབྲེལ་བ་ལེགས་ཤོམ་འཐབ་སྟེ་ གཡུས་ཁའི་གནས་སྟངས་ཚུ་ཡང་ ངོ་མ་སྦེ་ར་ ཧ་གོ་ཡི་ཟེར་ཨིན་པས།

སྐྱེས་ལོ་༣༦ ལང་མི་ ལཱལ་བྷ་དུར་མོང་སྒར་གྱིས་ ཐིམ་ཕུག་ལས་ རྡོ་རོ་ནང་ཚུན་ཚོད་ ལམ་གྱི་གནས་སྟངས་ལེགས་ཤོམ་མེད་དེ་འབད་རུང་ གདམ་ངོའི་འཛོམས་འདུ་ནང་ བཅའ་མར་གཏོགས་པར་ འོང་ཡོདཔ་ཨིན་པས།

ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ བཙག་འཐུ་འབད་ཚར་བའི་ཤུལ་ལུ་ རང་གི་ རྫོང་ཁག་གི་ མི་སེར་ཡོངས་ཀྱི་ ངོ་ཚབ་སྦེ་ཕྱག་ཞུ་ནི་ཨིནམ་ལས་ མི་ངོམ་ལྕོགས་གྲུབ་ཅན་ གདམ་འཐུ་འབད་ནི་དེ་ མི་སེར་ཡོངས་ཀྱི་ འགན་ཁུར་ཨིན་ཟེར་ཨིན་པས།

མི་སེར་མང་ཤོས་ཅིག་གིས་ གདམ་ངོའི་འཛོམས་འདུ་དེ་ ཁག་མི་ཆེ་དོ་བཟུམ་སྦེ་ བཅའ་མར་གཏོགས་པར་ མི་འོང་དོ་ཡོདཔ་ལས་ དེ་སྦེ་སྡོད་པ་ཅིན་ རང་གིས་མནོ་མི་ མི་ངོམ་དེ་ གདམ་འཐུ་འབད་མ་ཚུགས་པའི་ དཀའ་ངལ་འབྱུང་འོང་ཟེར་ཨིན་པས།

སྐྱེས་ལོ་༧༨ ལང་མི་ མཱན་བྷ་དུར་སུ་བྷ་གིས་ ད་ལྟོ་ཚུན་ཚོད་ བཙག་འཐུ་དང་ འཛོམས་འདུ་ཚུ ག་ཅི་ར་ འགོ་འདྲེན་འཐབ་རུང་ ཁོ་གིས་ མཐུས་ཤོར་མེད་པར་ བཅའ་མར་གཏོགས་ཅི་ཟེར་ སླབ་ཨིན་པས།

ཁོ་གིས་འབད་བ་ཅིན་ རང་ལུ་ ཚོགས་རྒྱན་བཙུགས་ཆོག་པའི་ འདྲ་པར་དེ་ ཐོབ་ཞིནམ་ལས་ རང་གིས་མནོ་མི་ མི་ངོམ་དེ་ གདམ་འཐུ་འབད་ནི་གི་ འགན་ཁུར་བཀལ་དོ་བཟུམ་ཅིག་ཨིནམ་ལས་ རང་གཡུས་སྒོ་ནང་ར་ སྡོད་པ་ཅིན་ ལཱ་ག་ཅི་ཡོད་རུང་ བཀོག་བཞག་སྟེ་ བཅའ་མར་གཏོགས་པར་ འགྱོ་དགོཔ་ཁག་ཆེ་བས་ཟེར་ཨིན་པས།

མཱན་བྷ་དུར་གྱིས་འབད་བ་ཅིན་ འཛོམས་འདུ་ནང་ བཅའ་མར་མ་གཏོགས་པའི་ ཤུལ་ལས་ རང་གིས་མནོ་མི་མི་དེ་ གདམ་འཐུ་མ་འགྲུབ་པ་ཅིན་ བློ་འགྱོད་བསྐྱེད་དགོཔ་ འཐོན་འོང་ཟེར་ཨིན་པས།

རྡོ་རོ་ནང་རྒེད་འོག་ལྟེ་བའི་ནང་ གདམ་ངོའི་འཛོམས་འདུ་དེ་ རྒྱལ་ཡོངས་ཚོགས་སྡེའི་ མི་ངོམ་གཉིས་ལུ་ དུས་ཡུན་སྐམ་མ་༡༠ རེ་ ངོ་སྤྲོད་འབད་ནི་གི་ དུས་ཚོད་བྱིན་ཞིནམ་ལས་ ཚོགས་རྒྱན་བཙུགས་ནི་ འགོ་བཙུགས་ཏེ་ ཕྱི་རུའི་ཆུ་ཚོད་༥ ཚུན་ གོ་སྐབས་བྱིན་ཡི།

དེ་བཟུམ་སྦེ་ ལ་རྒྱབ་རྒེད་འོག་གི་ སཱན་མཱན་གུ་རུང་གིས་ དགོ་ཟེར་བའི་ ཚོགས་རྒྱན་༡༥༢ དང་ མི་དགོ་ཟེར་བའི་ཚོགས་རྒྱན་༢༣ ཐོབ་སྟེ་ རྒེད་འོག་གདམ་ངོའི་འཛོམས་འདུ་ནང་ལས་ མཐར་འཁྱོལ་བྱུང་ཡོད་པའི་གནས་ཚུལ།

རྡོ་རོ་ནང་ལས་ ཡེ་ཤེས་སྒྲོལ་མ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *