རྡོ་རུ་བཏོན་སའི་ས་ཁོངས།

རྡོ་རུ་བཏོན་མི་ལུ་བརྟེན་ མོང་སྒར་ཁྲོམ་གྱི་ ཆུ་དུང་ཚུ་ མེདཔ་བཏང་ཡོདཔ།

༉ མོང་སྒར་སྐྱིད་བདེ་མཁར་བཤད་གྲྭའི་ ཉེ་འདབས་ལུ་ སྐམ་མང་གནས་ལུ་ རྡོ་རུ་བཏོན་མི་དེ་གིས་ མོང་སྒར་ཁྲོམ་གྱི་ ཆུ་དུང་ཚུ་ མེདཔ་བཏང་སྟེ་ ཁྲོམ་གྱི་མི་སེར་དང་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ལུ་ གནོད་སྐྱོན་རྐྱབ་དོ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༨ པའི་ནང་ མོང་སྒར་གྱི་ རྫོང་ཁག་ཚོགས་འདུ་འཚོགས་པའི་སྐབས་ མོང་སྒར་ཁྲོམ་སྡེའི་ངོ་ཚབ་ཀྱིས་ གྲོས་གཞི་ཕུལ་མིའི་གུ་ གསུང་གྲོས་རྒྱས་པར་གནང་བའི་ཤུལ་ལས་ རྡོ་རུ་བཏོན་མི་ འབྲུག་བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ དེ་འཕྲོ་ལས་ དཀའ་ངལ་སེལ་དགོ་པའི་ཐབས་ལམ་ཚུ་ བཏོན་དགོཔ་སྦེ་ཡོདཔ་ཨིན་པས།
ཁྲོམ་སྡེ་ངོ་ཚབ་འཐུས་མི་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ སྐམ་མང་གནས་ལུ་ ཉིན་ནུབ་མེད་པར་ རྡོ་རུ་བཏོན་མི་དེ་གིས་ མོང་སྒར་ཁྲོམ་ནང་སྡོད་མི་ ཞི་གཡོགཔ་དང་ ཚོང་པ་ དེ་ལས་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་དང་ ལྷག་པར་དུ་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་དོན་ལུ་ ཆུ་འཐེན་འབག་མི་ ཆུ་དུང་ཚུ་ མེདཔ་བཏང་དོ་ཡོདཔ་ལས་ གནས་སྟངས་སྐྱོ་དྲགས་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།
མ་གཞི་ རྡོ་རུ་བཏོན་མི་ལས་སྡེ་གིས་ རྡོ་རུ་བཏོན་པའི་སྐབས་ ཆུ་དུང་ལུ་ གནོད་སྐྱོན་མ་རྐྱབ་པར་ ཐབས་ཤེས་བཏོན་ཐོག་ལས་ ལཱ་འབད་དགོཔ་ཨིན་ཟེར་ གན་རྒྱ་བཟོ་མིའི་ནང་ གསལ་རིལ་རི་སྦེ་བཀོད་ཡོད་རུང་ དཀའ་ངལ་སེལ་མ་ཚུགས་པའི་གནད་དོན་དེ་ ག་ཅི་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
གནམ་བྱཱར་ཆར་ཆུ་འབབ་པའི་སྐབས་ ས་རུད་ཆད་འོང་མི་གིས་ ཆུ་དུང་ཚུ་ འཕྱགས་བདའ་མི་ལུ་བརྟེན་ གྲོང་སྡེ་ལས་འཛིན་ནང་ ཆུ་བདག་འཛིན་འབད་མི་ཚུ་གིས་ གནམ་ནུབ་མོ་ཡང་ ཆུ་བཟོ་བར་ འཕྲལ་འཕྲལ་ར་ འགྱོ་དགོ་པའི་དཀའ་ངལ་ཚུ་ འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ཐབས་ཤེས་བཏོན་དགོཔ་དེ་ཡང་ རྡོ་རུ་བཏོན་ནི་དེ་ བཀག་འཛིན་འབད་ནི་དང་ ཡང་ཅིན་ ཉིནམ་རན་ཆད་མེད་པར་ ཆུ་དུང་ཉམས་ཆག་ཤོར་མི་ཚུ་ དེ་འཕྲོ་ལས་ ཉམས་བཅོས་འབད་ནིའི་ ཐབས་ལམ་བཏོན་དགོཔ་འདུག་ཟེར་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་ཨིན་པས།
བཟོ་སྐྲུན་གོང་འཕེལ་ལས་འཛིན་ལས་ ངོ་ཚབ་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཆརཔ་རྐྱབ་ཅིག་ ཆུ་དུང་ཚུ་ མེདཔ་མི་བཏང་ག་མནོ་བའི་ ཚ་གྱང་ལངམ་མས་ཟེར་ཨིནམ་ད་ ཐབས་ཤེས་ཚུ་བཏོན་ཏེ་ ལཱ་འབད་རུང་ འཐུས་ཤོར་མངམ་སྦེ་ར་ བྱུངམ་མས་ཟེར་ཨིནམ་ད་ སྤྱི་ལོ་༢༠༠༧ ལུ་ རྡོ་བཏོན་ནི་འགོ་བཙུགས་པའི་སྐབས་ ཆུ་དུང་ལུ་ གནོད་སྐྱོན་མ་བྱུང་མི་དེ་ རྡོ་ཚུ་ ཆུ་དུང་གི་ འོག་ལས་བཏོན་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༦ ལས་ ཆུ་དུང་འོག་ལས བཏོན་འབག་མི་རྡོ་ཚུ་ རྫོགས་པའི་ཤུལ་ལུ་ ཆུ་དུང་འཐེན་ས་དང་ ཆུ་དུང་གི་ལྟག་ལས་ རྡོ་བཏོན་པའི་སྐབས་ ཆུ་དུང་ཚུ་ གནོད་སྐྱོན་རྐྱབ་མི་ཚུ་ དེ་འཕྲོ་ལས་ ཉམས་བཅོས་འབད་བའི་ཁར་ ཉམས་བཅོས་འབད་མ་ཚུགས་མི་ཚུ་ རྫོང་ཁག་བཟོ་རིག་འགོ་དཔོན་དང་ ཁྲོམ་སྡེ་གིས་ རྒྱབ་སྐྱོར་འབད་ཐོག་ལས་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
བཟོ་སྐྲུན་གོང་འཕེལ་ལས་འཛིན་ལས་ འགོ་དཔོན་གྱིས་ སླབ་མིའི་ནང་ ཁྲོམ་སྡེ་ངོ་ཚབ་ཀྱིས་ སླབ་དོ་བཟུམ་སྦེ་ རྡོ་བཏོན་ནིའི་ས་གོ་དེ་ར་ སྒོ་བསྡམ་ནི་དང་ ཡང་ཅིན་ ཆུ་དུང་ལུ་ གནོད་སྐྱོན་མེདཔ་སྦེ་ ས་གོ་གཞན་ཁ་ལས་ཕར་ འཐེན་ནིའི་ཐབས་ལམ་དེ་ རྫོང་ཁག་བཟོ་རིག་འགོ་དཔོན་དང་ ཁྲོམ་སྡེའི་ངོ་ཚབ་ དེ་ལས་ བཟོ་སྐྲུན་ལས་སྡེ་ལས་ འགོ་དཔོན་ཚུ་ མཉམ་རུབ་ཀྱི་ཐོག་ལས་ ཐབས་ཤེས་བཏོན་པ་ཅིན་ དཀའ་ངལ་སེལ་ཚུགསཔ་འོང་ཟེར་ཨིན་པས།
ལྷག་པར་དུ་ འགོ་དཔོན་དེ་གིས་ འབད་བ་ཅིན་ རྡོ་རུ་བཏོན་མི་གིས་ མོང་སྒར་ལུང་ཕྱོགས་ཀྱི་ བཟོ་སྐྲུན་གོང་འཕེལ་ལས་འཛིན་ལུ་ འོང་འབབ་མེད་རུང་ རྫོང་ཁག་ནང་ ཁྱིམ་བཟོ་སྐྲུན་འབདཝ་ད་ མི་སེར་ཚུ་ལུ་ ཁེ་ཕན་བྱུང་བཞིན་དུ་ཡོད་མི་དེ་ སྒོ་བསྡམ་ནི་འབད་བ་ཅིན་ འགོ་དཔོན་དང་ མི་སེར་ཚུ་གིས་ བལྟ་དགོཔ་གལ་ཆེ་ཟེར་ཨིན་པས།
རྫོང་ཁག་གིས་ ཕྱག་ལཱ་ག་ཅི་འབད་རུང་ ཡིག་ཐོག་ལུ་ བཀའ་རྒྱ་ཚུ་ གནང་པ་ཅིན་ དེ་འཕྲོ་ལས་ ཐིམ་ཕུག་ལུ་ཡོད་པའི་ བཟོ་སྐྲུན་གོང་འཕེལ་ལས་འཛིན་ཡིག་ཚང་ལྟེ་བ་ནང་ འཆར་གཞི་དང་ ལས་རིམ་བརྩམ་ནིའི་དོན་ལུ་ ཕུལ་ཚུགས་ནི་དང་ རྡོ་རུ་སྤྱོད་ནི་དེ་ཡང་ ལོ་༣ ལས་བརྒལ་མེདཔ་ལས་ མ་འོངས་པ་ལུ་ དུས་ཐེབས་གནང་ནི་ཨིན་ན་མིན་ནའི་ ཤེས་རྟོགས་མེད་ཟེར་ཨིན་པས།
ཚོགས་འདུའི་ཁྲི་འཛིན་ ཀརྨ་ཨེསི་དབང་ཕྱུག་གིས་ སླབ་མིའི་ནང་ ལུང་ཕྱོགས་བཟོ་སྐྲུན་གོང་འཕེལ་ལས་འཛིན་ཡིག་ཚང་གིས་ ཐབས་ཤེས་བཏོན་ཟེར་ ཞུ་མི་དེ་ ལེགས་ཤོམ་ཅིག་ཨིནམ་ལས་ ད་ལས་ཕར་ བཟོ་རིག་འགོ་དཔོན་དང་ ཁྲོམ་སྡེ་ངོ་ཚབ་ དེ་ལས་ བཟོ་སྐྲུན་ལས་འཛིན་གྱི་འགོ་དཔོན་ཚུ་ མཉམ་རུབ་ཀྱི་ཐོག་ལས་ ལཱ་འབད་དགོ་ཟེར་ཨིན་པས།
དེ་མ་ཚད་ ས་ཁོངས་ནང་ ཆུ་དུང་གསརཔ་བཏོན་ནི་ཨིན་ན་དང་ རྩིགཔ་རྐྱབ་ནི་ཨིན་ན་ཚུ་ ཞིབ་དཔྱད་འབད་དེ་ ཟད་རྩིས་བཏོན་མི་ཚུ་ རྫོང་ཁག་བདག་སྐྱོང་གིས་ ཡིག་ཚང་བཀའ་རྒྱ་གནང་མིའི་ནང་འཁོད་དེ་ ལུང་ཕྱོགས་ཡིག་ཚང་བརྒྱུད་དེ་ ཡིག་ཚང་ལྟེ་བ་ལུ་ ཕུལ་ཏེ་ ཕྱག་ལཱ་གནང་དགོ་པའི་ གྲོས་ཆོད་བཏོན་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *